[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་སེམས་གཅིག་སྒྲིལ་ཞི་མཐུན་གཏོད། འཆར་གཞི་གསར་པ་མཉམ་དུ་བཀོད།

    —— ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་གྲོལ་བར་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-06-24

    ཟླ་6ཚེས་22ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་འདུའི་ཐོག《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལས་དོན་སྙན་སྒྲོན》དང་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ། དུས་རབས་གསར་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་ཁག་ལ་ཞིབ་འཇུག་བྱས་པ་བཅས་རེད། ང་ཚོས་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ད་རེས་ཀྱི་ཚོགས་ཆེན་ནི་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བའི་ཞིག་ཡིན་པ་དེ་ཐོག་ནས་རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་མི་སྣའི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་གང་ལེགས་མཚོན་པ་དང་།

    རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཟུགས་བརྙན་བཟང་པོ་དང་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཚབ་མཚོན་མི་སྣའི་འཚར་ལོངས་ཐད་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཐུབ་པར་བྱེད་དགོས་པའི་མཛུབ་སྟོན་ཐེངས་མང་གནང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་ཇི་ལྟར་བྱས་ནས་དུས་རབས་གསར་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་རྒྱུར་བླང་བྱ་ཁ་གསལ་བཏོན་པ་དང་རེ་བ་ནན་པོ་བཅོལ་ཡོད། མིག་སྔར་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ནུས་པ་སྔར་ལས་ལེགས་པ་འདོན་སྤེལ་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཚད་གཞི་བཞིར”བརྩི་སྲུང་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་བར་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་བྱེད་པ་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་སྦྲེལ་ཐག་གལ་ཆེན་ཞིག་རེད།

    རང་ལྗོངས་ཀྱི་རིམ་པ་ཁག་གི་ནང་བསྟན་མཐུན་ཚོགས་རྩ་འཛུགས་ཀྱིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་འདོན་སར་དམིགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ནུས་པ་དེ་བས་འདོན་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ནུས་པ་དེ་བས་ཆེ་བ་འདོན་པ། ཁྲིམས་སྐྱོང་གི་འདུ་ཤེས་དང་མཐའ་ཚད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཚབ་མཚོན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གོང་བུ་བསྒྲིལ་རྒྱུར་ནུས་པ་དེ་བས་ཆེ་བ་འདོན་པ་བཅས་བྱེད་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་གྲྭ་བཙུན་ཚོས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་སྲུང་གི་མིག་དཔེ་དང་། ཐོས་བསམ་སྒོམ་གསུམ་ཧུར་ཐག་བྱེད་མཁན་གྱི་མིག་དཔེ། སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བླ་ན་མེད་པའི་མིག་དཔེ། ལས་ཀ་ཧུར་ཐག་དང་ནུས་པ་ཧུར་ཐག་འདོན་མཁན་གྱི་མིག་དཔེ་བཅས་བརྩོན་ལེན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་ཚད་མེད་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐར་ཕྱིན་པ་ཞུ་ལུགས་མཚོན་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།