[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ངལ་རྩོལ་བར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཏོན་མའེ།    |    སྤེལ་དུས།   2019-07-26

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གསོ་སྦྱོང་བྱ་ཐབས་གསར་གཏོད་ཀྱིས་གྲོང་ཚོ་དང་། དུད་ཚང་། ཡུལ་མི་བཅས་ལ་རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད། དེ་དང་དུས་མཚུངས། ཁེ་ལས་ཕྲན་ཚེགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཕྲན་ཚེགས་རྒྱ་སྟོབས་ཆེ་རུ་བཏང་བས་མང་ཚོགས་མང་པོ་ཞིག་གི“ལས་ཞུགས་ཀྱི་ཕུགས་འདུན”དང“ལས་གཏོད་ཀྱི་ཕུགས་འདུན”གྲུབ་ཡོད། དུས་རབས་གསར་པར། མང་ཚོགས་ཀྱིས་ལས་ཞུགས་དང་ལས་གཏོད་ལ་བཅངས་པའི་དགོས་མཁོ་ཇེ་ཆེར་ཕྱིན་ཡོད་པས། ང་ཚོས་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། དཀའ་སྤྱད་ངལ་རྩོལ་བརྒྱུད་མི་ཚང་མར་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཚེ། གཞི་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་སྨྱུག་འཛིན་པས་ངོས་འཛིན་བྱེད་ཀྱི་ཡོད།

    དེ་ཡང་། དང་ཐོག་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་མཐའ་འཁྱོངས་བྱེད་དགོས། ལས་ཞུགས་ནི་དམངས་འཚོའི་གནད་དོན་ཆེ་ཤོས་དང་། མང་ཚོགས་ཀྱི་རེ་བ་ནི་ང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་རེད། མིག་སྔའི་ངོས་ནས་བརྗོད་ན། ཞིང་འབྲོག་མང་ཚོགས་ལ“ལས་གཏོད་ཀྱི་ཕུགས་འདུན”འགྲུབ་རོགས་བྱེད་རྒྱུ་ནི་ང་ཚོའི་འབད་བརྩོན་གྱི་ཁ་ཕྱོགས་རེད། དེས་ན། གསོ་སྦྱོང་བྱ་ཐབས་གསར་གཏོད་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་ལག་རྩལ་སྣ་གཅིག་ཤེས་རྒྱུར་རོགས་རམ་དང་། ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལས་ཞུགས་སྤུས་ཚད་མཐོ་ལ་གང་ལེགས་ཐུབ་པའི་འགན་ལེན་བཅས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ཡག་པ་སྐོང་དགོས།

    ལས་ཞུགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་སྲིད་ཇུས་བཟང་པོ་དོན་འཁྱོལ་ཡག་པོ་བྱས་ནས་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཏན་ཏིག་ཚོར་བར་ཐུག་ཡོད། དུས་ངེས་གཏན་དང་ངེས་མེད་ལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་ས་ཆ་དངོས་སུ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་སྲིད་ཇུས་ལག་བསྟར་དང་དོན་འཁྱོལ་བྱེད་ཚུལ་ཤེས་རྟོགས་དང་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་ཤེས་རྟོགས་བྱེད་དགོས།

    ཁེ་ལས་ཕྲན་ཚེགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་གཏོད་ནི་དམངས་ཕྱུག་གི་རྨང་གཞི་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་གཏོད་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ནས་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུའི་སྐུལ་མ་བཏང་སྟེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་སྐྲུན་དགོས། ལས་གཏོད་ལ་དཀའ་ངལ་ཡོད་ལ་ལས་གཏོད་འགོ་རྩོམ་པར་དཀའ་ངལ་དེ་བས་ཆེ། ལས་གཏོད་ཐོག་མ་བྱེད་མཁན་ཁེ་ལས་ལ་ང་ཚོས་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱེད་དགོས། ཁེ་ལས་དེ་དག་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། ད་དུང་རྟག་ཏུ་ས་ཆ་དངོས་སུ་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་དེ་འཕེལ་རྒྱས་གཏོང་རིང་ཕྲད་པའི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཐོག་ཁེ་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།