[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གནད་དོན་ལྷག་རྐྱེན་གནད་ལ་འཁེལ་པོས་བཙལ་ནས་དཀའ་གནད་སེལ་བའི་ཐབས་ཤེས་ངོ་མ་འདོན་དགོས།

    —— “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་ དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-08-08

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ཡང་གནང་བའི་ཐབས་ཇུས་གཏན་འབེབས་དང་ལས་དོན་ལ་དམ་འཛིན་བྱེད་པའི་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་ཞིག་རེད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་གནད་དོན་ལ་ཞིབ་ལྟ་བྱ་ཚུལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱེད་པ་ནི་བསམ་བློའི་ངོས་འཛིན་དང་། དག་ཐེར་དོན་འཁྱོལ། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱེད་པ་དང་གཞི་རྩ་གཅིག་མཐུད་ཀྱི་བྱེད་ཐབས་གལ་ཆེན་ཞིག་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་རེད།

    རང་ངོས་ལ་ཞིབ་ལྟ་དང་གནད་དོན་བཙལ་འཚོལ་རྒྱུན་མི་ཆད་པར་བྱས་ན་གཞི་ནས་འབད་འཐབ་ཀྱི་ཁ་ཕྱོགས་རྙེད་ཐུབ། ཧེ་བག་གང་ནས་ཤོར་བ་དང་འགག་རྩ་གང་ལ་ཐུག་པ་གསལ་པོ་ཤེས་ན་གཞི་ནས་དཀའ་གནད་སེལ་བའི་ཐབས་ཤེས་ངོ་མ་འདོན་ཐུབ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཐོག་མའི་བསམ་འདུན་དང་། འགན་འཁྲི། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྡུར་བ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་བསྡུར་བ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གནད་དོན་ནན་ཏན་ངང་བཤེར་འདོན་དང་གསེད་བཀྲོལ་བྱེད་པ་བཅས་ཀྱི་ཐོག་ནས་དག་ཐེར་དོན་འཁྱོལ་ལ་ཁ་ཕྱོགས་གནད་ལ་འཁེལ་བ་ཞིག་མཁོ་འདོན་བྱས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྔར་བས་གཏིང་ཟབ་པོ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྟོག་ཞིབ་གནང་བ་དང་འབྲེལ་མཛུབ་ཁྲིད་གནང་སྐབས་བཏོན་གནང་བའི“དམིགས་སར་འབྱོར་བ་བཞི”ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། གནད་དོན་ལ་གཙིགས་ཆེན་གྱི་རང་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་གཤོག་ཐོག་ནས་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་། ནན་ཏན་ངང་ཞིབ་ལྟ་དང་བསམ་ཞིབ་བྱེད་པ། ལྷག་པའི་གནད་དོན་སྔར་བས་འཕྱུགས་མེད་ངང་འཚོལ་བ་དང་། དབྱེ་ཞིབ་མཐར་ཕྱིན་བྱེད་པ། ཞིབ་ལྟ་དམིགས་སར་འབྱོར་བ། འབད་བརྩོན་བྱེད་ཕྱོགས་དང་ལེགས་སུ་གཏོང་ཐབས་གཏན་འཁེལ་ཁ་གསལ་བཅས་བྱས་ཏེ། རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་རྒྱུན་ཆད་མེད་པར་བྱེད་དགོས།

    གནད་དོན་ལ་ཞིབ་ལྟ་བྱ་ཚུལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱེད་པར། བསམ་འཆར་འདོན་ལམ་དང་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་མཐོ་ཚད་དང་དྲེགས་མེད་ཁེངས་སྐྱུང་གི་རྣམ་འགྱུར་ཐོག་ནས་གཞན་གྱི་བསམ་འཆར་དང་ལེན་བྱེད་པ་དང་གཞན་གྱིས་རང་སྐྱོན་བཏོན་པར་དགའ་སྣང་བྱེད་པའི་སྙིང་སྟོབས་ཐོག་ནས་གནད་དོན་ལ་གཙིགས་ཆེན་བྱེད་དགོས་ཤིང་། རྣ་བར་འགྲོ་བའི་སྐད་ཆ་ཉན་དགོས་ལ་རྣ་བར་མི་འགྲོ་བའི་སྐད་ཆ་དེ་བས་ཀྱང་ཉན་དགོས། ཕྱོགས་གཅིག་ནས་བསམ་འཆར་བསྡུ་ལེན་ཐབས་ལམ་རྒྱ་སྐྱེད་གཏོང་བའི་འབད་བརྩོན་ཆེན་པོ་བྱེད་དགོས་ཤིང་། བཞུགས་མོལ་བགྲོ་གླེང་བྱེད་པ་དང་། བསམ་འཆར་བསྡུ་ལེན་སྒམ་འཛུགས་པ། དྲ་ཐོག་སྤེལ་རེས་བྱེད་པ། ཡིག་བསྐུར་ངོ་བཅར་དང་ལེན་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། གཞི་རིམ་གྱི་ཏང་ཡོན་དང་། མང་ཚོགས། དེ་བཞིན་ཞབས་འདེགས་ཞུ་ཡུལ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ལྷག་བསམ་རྣམ་དག་ངང་ཉན་འཇོག་བྱེད་དགོས་པ་དང་བསམ་འཆར་རྒྱ་ཁྱབ་ངང་ཉན་རིང་བསམ་ཚུལ་ངོ་མ་བསྡུ་ལེན་དང་གནད་དོན་ངོ་མ་ཤེས་རྟོགས་ཐུབ་པར་བྱེད་དགོས། ཕྱོགས་གཞན་ཞིག་ནས་གོང་རིམ་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་སྐོར་ཞིབ་དང་། ལྟ་སྐུལ་མཛུབ་ཁྲིད། ལས་བྱེད་པའི་ཞིབ་དཔྱད་བཅས་ཁྲོད་ཚུར་ལན་བྱས་པའི་གནད་དོན་དང་བཏོན་པའི་བསམ་འཆར་ནན་ཏན་ངང་གསེད་བཀྲོལ་བྱེད་པ་དང་། ཚན་ཁག་དང་མི་སྒེར་གྱི་གནད་དོན་གསལ་ཐོར་འགོད་པ། དུས་ཐོག་ཏུ་མི་འདང་བའི་ཆ་འཚོལ་བ། ལེགས་སུ་གཏོང་ཐབས་འདོན་པ་བཅས་བྱེད་དགོས།

    གནད་དོན་ལ་ཞིབ་ལྟ་བྱ་ཚུལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱེད་པར་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་གནད་དོན་ཞིབ་གཅོད་ཀྱི་འདུ་ཤེས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གནད་དོན་འཁྱེར་ཏེ་གཞི་རིམ་དུ་བསྐྱོད་དེ་ལག་ལེན་ཁྲོད་ནས་དོན་དམ་འཚོལ་བ་དང་མང་ཚོགས་ཁྲོད་ནས་ཇུས་བཟང་རག་ཐབས་བྱས་ན་གཞི་ནས་བསམ་འཆར་དངོས་གོ་བ་དང་གནད་དོན་དངོས་ཤེས་རྟོགས་བྱེད་ཐུབ།

    གནད་དོན་ནི་ཤུགས་རྒྱག་ས་ཡིན་ལ་ཚད་བརྒལ་བྱེད་ས་ཡང་ཡིན། གནད་དོན་ལ་ཞིབ་ལྟ་བྱ་ཚུལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱེད་པར་རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་དབྱེ་ཞིབ་དང་བསམ་ཞིབ་གཏིང་ཟབ་བྱེད་དགོས། རང་ངོས་ཀྱི་གནད་དོན་གནད་ལ་འཁེལ་པོས་འཚོལ་བ་དང་ཧེ་བག་གསལ་རྟོགས་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་ནད་བསྟུན་སྨན་བཅོས་ཀྱིས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རེད། འཚོལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རང་ཉིད་དང་། བསམ་བློ། ལས་དོན། འཚོ་བ། སྤྱོད་ཚུལ་བཅས་དོན་དངོས་ནང་རང་འགུལ་ངང་འཇུག་པར་བྱས་ཏེ། ཞིབ་ལྟ་དང་བསམ་ཞིབ་ནན་ཏན་བྱས་ནས་གནད་དོན་ལྷག་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱེད་དགོས། རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བསྡུར་བ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་བསྡུར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་བསྡུར་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་དམིགས་པ། གནད་དོན་གནད་ལ་འཁེལ་པོས་འཚོལ་བ། གནད་དོན་ལྷག་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱེད་པ། སེམས་ཀྱི་གཏིང་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དངོས་འབྲེལ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱེད་དགོས།

    གནད་དོན་ལ་ཞིབ་ལྟ་བྱ་ཚུལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། གནད་དོན་གནད་ལ་འཁེལ་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་དངོས་འབྲེལ་འཚོལ་བ་དང་། འབེན་ཡོད་སར་མདའ་འཕེན་པ་དང་ཡུལ་བབ་དང་བསྟུན་པ། གནད་དོན་གང་ལྷག་པ་དེ་ཐག་གཅོད་བྱེད་པ། གནད་དོན་གང་ཞིག་མངོན་གསལ་དོད་པ་དེ་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་པ་བཅས་བྱས་ན་ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་དང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།