[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གོང་གིས་འོག་ལ་སྣེ་ཁྲིད་དེ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ཇི་མ་ཇི་བཞིན་བྱེད་དགོས།

    —— “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-08-10

    ཐོག་མའི་བསམ་འདུན་སྲུང་བ་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བར་འགག་རྩ་དེ་བྱ་སྤྱོད་ཐོག་མངོན་པ་དང་ལས་ཀའི་ཁྲོད་དོན་འཁྱོལ་ཡོང་བ་བྱེད་དགོས།

    “འགོ་ཁྲིད་བློ་མཐུན་གཙོ་བོས་སྣེ་འཁྲིད་དེ་སློབ་སྦྱོང་དང་། སྣེ་འཁྲིད་དེ་བརྟག་དཔྱད་ཞིབ་འཇུག སྣེ་འཁྲིད་དེ་གནས་ཚུལ་ལ་ཞིབ་ལྟ། སྣེ་འཁྲིད་དེ་དག་ཐེར་དོན་འཁྱོལ། མིག་དཔེའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་དང་ལས་དོན་ལ་མཛུབ་ཁྲིད་གནང་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས“དམིགས་སར་འབྱོར་བ་བཞི”ཡི་མཛུབ་སྟོན་གལ་ཆེན་གནང་བ་དེས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམ་འཛིན་བྱ་རྒྱུ་དམིགས་སར་དོན་འཁྱོལ་ཡོང་བའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱས་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཏན་ཏིག་ངང་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ལག་བསྟར་ཚགས་ཚུད་བྱེད་པ་བཅས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཏང་གི་སྟོབས་ཤུགས་རྩ་འཛུགས་ནས་བྱུང་བ་དང་རྩ་འཛུགས་ཀྱི་ནུས་པ་དེ་འཐབ་ནུས་ཡིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རྩ་འཛུགས་ཀྱི་འགོ་ཁྲིད་དམིགས་སར་དོན་འཁྱོལ་ཡོང་བ་དམ་འཛིན་བྱ་རྒྱུ་ནི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ས་གནས་ཁག་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བའི་བྱེད་པོའི་འགན་འཁྲི་འཁུར་ནས་ཚད་ཤིང་མཐོ་བའི་གནས་གཏན་འཁེལ་དང་། འགོ་འཛུགས་ས་མཐོ་བའི་འཆར་འགོད། ཚད་གཞི་མཐོ་བའི་ངང་སྤེལ་བ། སྤུས་ཚད་མཐོ་བའི་སྐུལ་གཏོང་བཅས་བྱས་ཏེ་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དོན་དངོས་གནས་ཚུལ་གཞིར་བཟུང་ལག་བསྟར་བྱ་ཐབས་ཞིབ་ཚགས་ངང་བཟོ་དགོས་ལ་སྒྲིག་འཛུགས་ལག་བསྟར་དམ་འཛིན་ཡང་ཡག་པོ་བྱེད་དགོས། ཚད་གཞི་དང་ཡང་ཡང་བསྡུར་བའི་སྒོ་ནས་གནད་དོན་ལ་གྲལ་བཤེར་གཏིང་ཟབ་བྱས་ནས་དག་ཐེར་དོན་འཁྱོལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱང་བྱེད་ཤུགས་ཆེ་རུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོར་གཏོང་ཐད་ཤུགས་སྣོན་རྒྱག་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་དང་ཟུང་འབྲེལ་དང་ས་གནས་དེ་རང་དང་ཚན་པ་དེ་རང་གི་ལས་དོན་ཁག་ལེགས་གྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་དུས་མཚུངས་མིག་སྔའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པ་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་སོགས་ཐད་གྲུབ་འབྲས་དང་ཕན་འབྲས་གསར་པ་ཐོབ་པ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་སྤྲོ་སེམས་ཆེན་པོ་དེ་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ་ཕྱོགས་གཉིས་ཀར་དམ་འཛིན་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་གཏོང་བ། ཕྱོགས་གཉིས་ཀར་སྐུལ་མ་གཏོང་བ་བཅས་བྱེད་དགོས།

    ཐོག་མའི་བསམ་འདུན་གྱི་འགན་འཁྲི་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པའི་གནད་དོན་ལ་ཞིབ་ལྟ་བྱ་རྒྱུ་དང་ཞིབ་བསྡུར་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་མ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“སྣེ་ཁྲིད་ཀྱི་ནུས་པ”འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་འཁུར་བ། གོང་གིས་འོག་གི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ། རིམ་པ་བཞིན་དཔེ་སྟོན་སྣེ་ཁྲིད་བྱེད་པ། སྔོན་ལ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པའི་ཁར་སྔོན་ལ་དག་ཐེར་བྱས་ནས་ཕན་འབྲས་དངོས་ཐོན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་། ཁོངས་གཏོགས་དེ་རང་བཅས་ཀྱི་ཏང་ཡོན་ལས་བྱེད་པར་ཚད་གཞི་འཛུགས་པ་དང་། མིག་དཔེ་འདོན་པ། དཔེ་སྟོན་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་ལེན་ནན་ཏན་བསྟར་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། འཐབ་ས་དང་པོར་སྤེལ་བ། མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ། འབྲེལ་གཏུག་བྱ་ཡུལ་ས་གནས་དང་ཚན་པར་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཡག་པོ་བྱ་རྒྱུའི་སྣེ་ཁྲིད་པ། ལས་ཀར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། འབུར་ཐོན་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཐོན་རིགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཡོ་བསྲང་བཅས་བྱེད་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཚད་གཞི་དང་ཡང་ཡང་བསྡུར་བའི་སྒོ་ནས“ལག་ལེན་བསྟར་ཤུགས་མི་འདང་བའི”གནད་དོན་ལ་དམ་འཛིན་བྱས་ཐོག་ཁྲིམས་སྲོལ་དང་ལམ་ལུགས་ལག་ལེན་བསྟར་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ཏེ་སྒྱིད་ལུག་གི་སྤྱོད་ཚུལ་འཛིན་པ་དང་། ཁྲལ་སེལ་སླ་བཅོས་བྱེད་པ། རྣམ་པ་འགྱུར་བ་སོགས་ཀྱི་གནད་དོན་ཐོན་རྒྱུ་གཏན་འགོག་ནན་པོ་བྱེད་དགོས།

    སྤྱོད་ཚུལ་བཟང་པོ་དང་ཁོར་ཡུག་ལེགས་པོ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཆ་རྐྱེན་གལ་ཆེན་ཞིག་རེད། ལྗོངས་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་རང་ལྗོངས་ཀྱིས་ལས་དོན་ཁྲོད་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་གཙོ་གནད་ཐོག་ཡང་དུ་གཏོང་བ་དང་ལས་སྒྲུབ་ཀྱི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས་པ་གསལ་སྟོན་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བར་དོན་དངོས་ལ་གཙིགས་ཆེན་དང་ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་བ། བྱ་ཐབས་གསར་གཏོད་ཐད་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཏང་ཡོན་ལས་བྱེད་པའི་དངོས་འཛིན་དངོས་སྒྲུབ་ཐད་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཕྱི་ཚུལ་ཙམ་མིན་པ་དང་ཁྲལ་སེལ་སླ་བཅོས་མི་བྱེད་པའི་ངང་སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་འགན་ལེན་བྱེད་དགོས།

    ཏང་རྩ་འཛུགས་ལ་སྟོབས་ཤུགས་ཆེན་པོ་ལྡན་པ་དང་རང་འགན་གཙང་སྒྲུབ་བྱས་ཚེ་བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་གཏོང་ཐུབ་ལ་ཕན་འབྲས་ཀྱང་ཐོན་ཐུབ་པ་དང་། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཚེ་རྒྱ་ཆེའི་ཏང་ཡོན་ཚོས་ཀྱང་དེའི་རྗེས་སུ་འབྲངས་ནས་སློབ་སྦྱོང་བྱེད་པ་དང་དེ་ལྟར་བྱེད་སྲིད། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སེམས་ནུས་གང་ཡོད་འདོན་པ་དང་། དམ་འཛིན་ནན་པོ་དང་ཏན་ཏིག ཚན་རིག་དང་མཐུན་པའི་འཆར་འགོད། སྒྲིག་འཛུགས་ཚགས་ཚུད་བཅས་བྱས་ནས་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་དང་དངོས་སྒྲུབ་ལ་བརྟེན་ནས་གྲུབ་འབྲས་གསར་པ་བཏོད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པ་བྱས་ནས་དུས་རབས་གསར་པའི་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་ཆེད་སྒུལ་ཤུགས་སྔར་བས་ཆེ་བ་བསྣན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།