[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-08-19

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་གྲས་ཤིག་ལ་བརྩིས་ཏེ། ཏང་ཡོངས་ལ་སྐུལ་སློང་གི་བཀའ་རྒྱ་བཏང་བ་དང་འབྲེལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དུང་བརྡ་གྲགས་ཡོད། དེ་ནི་ངེས་པར་དུ་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད།

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དེ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩ་དེ་མང་ཚོགས་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་མིན་དེ་རེད། གྲོང་གསེབ་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་འབྱོར་འབྲིང་མེད་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་མི་ཐུབ་པས། མཐའ་ཚད་ཀྱི་ལས་འགན་དེ་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་གཟི་བརྗིད་དང་བླ་ན་མེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ལས་འགན་དང་དོན་སྙིང་གལ་ཆེན་ཤེས་རྟོགས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དོན་ཆེན་དེ་དམ་འཛིན་ལྷོད་མེད། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། གནད་སྨིན་ཇུས་གཞི་ཆེན་པོ་མཐའ་འཁྱོངས། སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཚེ། གཞི་ནས་དུས་བཀག་ལྟར་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཐུབ་པ་དང་གཞི་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕྱོགས་སུ་བསྐྱོད་རྒྱུ་འགན་ལེན་བྱེད་ཐུབ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ནི། རང་རེའི་ཏང་གིས་སྲིད་སྐྱོང་དམངས་ཆེད་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། དུས་བཀག་ལྟར་ད་ཡོད་ཚད་གཞིའི་འོག་གི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་རྒྱུ་དེ་ནི། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ཡིན་པས། ང་ཚོས་ངེས་པར་དུ་དུས་བཀག་ལྟར་སྒྲུབ་དགོས་པ་ལས། གཡོ་ཟོལ་གང་ཡང་བྱ་མི་རུང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པ་ནི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་དང་འབྲེལ་བ་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་དང་། དམངས་འཚོའི་ལས་དོན་སྒྲུབ་པ། སྤྱི་ཡོངས་མངོན་པ། ཏང་གཤིས་མཚོན་པ་བཅས་བྱས་ནས་ངེས་པར་དུ“དམངས་འཚོའི་འདུ་འགོད་ཨང་དང་པོ”སེམས་ལ་འཇོག་པ་དང་དམ་འཛིན་བྱེད་དགོས་ལ། སེམས་ནུས་ཡོད་ཚད་འདོན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་སྲུང་བ་དང་། བློ་ཁོག་ཆེན་པོས་དུས་རབས་ཀྱི་འགན་འཁྲི་འཁུར་བ། བརྗིད་ཆེའི་དམ་བཅའ་སྒྲུབ་པ་བཅས་བྱེད་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། མི་དམངས་ཡོངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཚེ། གཞི་ནས་ཏང་གི་བོད་ཀྱི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་ཐུབ། དབུལ་སྒྲོལ་འགག་སྒྲོལ་ནི་ཁྱིམ་ཚང་མང་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པས། དེ་ནི་ཏན་ཏིག་གི་དམངས་འཚོའི་དོན་ཆེན་ཞིག་དང་འདོར་མི་རུང་བའི་སྤུས་རྟགས་ཀྱི་འདུ་འགོད་དང་དམངས་སེམས་ཀྱི་འདུ་འགོད་ཅིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པའི་ཐད་ཀའི་མཚོན་ཚུལ་ཞིག་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། ངེས་པར་དུ་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ། དེ་བས་ཆེ་བའི་ཆོད་སེམས་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཏག་ཏིག་གི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་དང་། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྐྲུན་རིང་ཁྱིམ་ཚང་དབུལ་པོ་དང་དུད་ཚང་དབུལ་པོ་གཅིག་ཀྱང་མི་ལུས་པར་བྱས་ཏེ།ཏང་གིས་བོད་དུ་སྲིད་སྐྱོང་བའི་བློས་འཁེལ་ཤོས་ཀྱི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་བོད་ཡུན་རིང་བདེ་འཁོད་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཆེས་ཆེར་ལེགས་སུ་ཕྱིན་པ། བསམ་པའི་ཉམས་འགྱུར་འཕེལ་བ་བཅས་བྱུང་ནས་སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས། མི་འབོར་དབུལ་པོ་ཚང་མས་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་གོམ་སྟབས་ཀྱི་རྗེས་ཟིན་པར་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སླར་ཡང་སྐས་རིམ་གསར་པར་སླེབས་པ་བྱེད་པ་དང་འབྲེལ་སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་ལ་ཁོ་ཚོས་སྤྱི་པའི་ཞབས་འདེགས་དེ་བས་མཉམ་སྤྱོད་ཐུབ་པ་དང་བོད་ཀྱི་མི་དམངས་ཚང་མ་བདེ་སྡོད་ལས་བརྩོན་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ནས་བོད་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་སྐྱོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།