[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕྱུག་འགྱུར་རོལ་དབྱངས་དེ་སྔོ་ཞིང་དྭངས་བའི་རི་ཆུ་ཡོངས་སུ་གྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་མཁར་རྟ་གྲོང་ཚོའི་ཡུལ་མི་ཚོ་ས་མཐོའི་རྩྭ་རྩི་ཤིང་དང་། ཤིང་ཏོག་ལན་མའེ་འདེབས་གསོ། སྣོད་བཅུད་ཞིང་ལས་ཡུལ་སྐོར་བཅས་ཚུད་པའི་དབུལ་སྐྱོར་རྣམ་གྲངས་ལ་བརྟེན་པ་ལས་དབུལ་སྒྲོལ་བྱུང་བ་དང་། སྤོ་བོ་རྫོང་སྒང་པ་གྲོང་ཚོའི་ལྷ་ཤིང་ཤུག་པའི་མཛེས་ལྗོངས་ཁུལ་གྱི་ཡུལ་མི་ཚོས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་པ་ལས་ཡུལ་སྐོར་ལས་རིགས་སུ་ཞུགས་རྒྱུ་བྱུང་བ། སྟེང་པ་བའི་ཕོ་གཞོན་ཨ་ཕང་གིས་ཕག་པ་གསོས་པ་ལས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་ལ་སོགས་ཡོད།

    ཉིང་ཁྲི་གྲོང་ཁྱེར་དུ་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྟངས་དག་རྫོང་ཁག་གིས་ཕན་ཚུན་སློབ་སྦྱོང་དང་དཔྱད་འཛིན་བྱས་པ་ལས་ཤང་དང་གྲོང་ཚོ་དང་དུད་ཚང་མང་དག་ཅིག་ལ་ནགས་ཁྲོད་ནས་འབྲས་བཟང་མི་ཉུང་བ་ཐོབ་ཡོད། དེ་གར་སྔོ་ཞིང་དྭངས་བའི་རི་ཆུར་བརྟེན་པ་དང་། ཡུལ་སྐོར་ལས་རིགས་སུ་ཞུགས་པ། ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་བཅས་ཀྱི་དཔེ་མཚོན་གྲངས་ལས་འདས།

    གལ་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱུག་འགྱུར་རོལ་དབྱངས་དེ་སྔོ་ཞིང་དྭངས་པའི་རི་ཆུ་ཡོངས་སུ་གྲགས་པར་བྱས་ཞེས་བརྗོད་ན། སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་བྱེད་པ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྔོན་ཚུད་ནས་སྐྲུན་པའི་མཆོག་ནོར་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཆོག ཉིང་ཁྲིར་སྐྱོད་སྐབས་རྒྱང་ལྟ་བྱས་ན་མིག་ལམ་དུ་འཆར་བ་ནི་སྔོ་ཐིང་ངེར་གནས་པའི་ཚང་ཚིང་ནགས་ཚལ་ཡིན། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་བའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་བཅས་ཡོང་བར་བྱས་པ་དང་ཁ་འབྲལ་ཐབས་མེད།

    དེ་བས་ཀྱང་གལ་ཆེ་ཤོས་ནི་མང་ཚོགས་ཀྱིས“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཕྱུག་འགྱུར་ཡོང་ཐབས་བྱེད་པ། “གཞན་རྟེན”དེ“རང་རྟེན”དུ་འགྱུར་བ་བཅས་བྱས་ཚེ་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་གོམ་སྟབས་དེ་བས་མགྱོགས་སུ་འགྲོ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།