[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤུས་དག་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ པ་སངས་དབང་མོ།    |    སྤེལ་དུས།   2019-09-11

    ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ལ་མཐོང་ཆེན་བྱས་པའི་ཁར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ལ་འབྱུང་འགྱུར་དེ་བས་འབད་བརྩོན་ལྷོད་མེད་བྱེད་དགོས་ཀྱི་ཡོད། སྨྱུག་འཛིན་པས་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར། སླད་ཕྱིན་གཤམ་གསལ་ཕྱོགས་གསུམ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། གཞུང་བཙུགས་སྨན་ཁང་དང་། ཆེད་ལས་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དོ་དམ་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་ནད་གཞི་ཚབས་ཆེ་རིགས་འདེམས་བཤེར་གྱིས་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། སྦྲུམ་མ་འདེམས་བཤེར་དང་། རྗེས་སྙེག དོ་དམ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྦྲུམ་མའི་བདེ་སྲུང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྦྲུམ་མ་ཤི་ཚད་དམའ་རུ་གཏོང་བ་བཅས་བྱས་ཏེ། བདེ་ཐང་ཐད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་མི་དམངས་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤུས་དག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

    གཉིས། སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་མཉེན་ཆས་འཛུགས་སྐྱོང་ལ་དམིགས་སུ་བཀར་ནས་ཤུགས་སྣོན་རྒྱག་དགོས་ཤིང་། མཁྲེགས་ཆས་ཀྱི་ཞན་ཆ་གསབ་པ་དང་ཆབས་ཅིག མཉེན་ཆས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཁོ་ཆོད་སྨན་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དུས་མཚུངས་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་དང་གྲོང་གསེབ་ཀྱི་མངགས་ཐོ་རྣམ་པ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི་རིན་མེད་གསོ་རིག་སློབ་མ་གསོ་སྐྱོང་རྣམ་གྲངས་གཙོ་གནད་དུ་བཟུང་བའི་གཞི་རིམ་གྱི་འཕྲོད་བསྟེན་མི་སྣའི་འཇོན་ཐང་ཆེར་གཏོང་གི་རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་བ་དང་ཆབས་ཅིག ཁ་ཐང་བའི་ཆེད་ལས་གཙོ་གནད་དུ་བཟུང་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

    གསུམ་པ། སྨན་བཅོས་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། སྨན་བཅོས་འཕྲོད་བསྟེན་གྱི་ཁོར་ཡུག་ལེགས་ཉེས་ནི་ནད་པར་སྨན་བཅོས་བྱ་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། “ཚན་པ་གཙང་སྦྲ་དོད་ལ་འཕྲོད་བསྟེན་ཡག་པ་དང་། ནད་ཁང་གཙང་ཞིང་གྲལ་འགྲིག་ལ་ཁུ་སིམ་པ། འཚོ་བའི་གད་སྙིགས་དུས་ཐོག་ཏུ་གཙང་སེལ། སྨན་བཅོས་གད་སྙིགས་ཐག་གཅོད་ཚད་ལྡན”བཅས་ཀྱི་བླང་བྱ་གཞིར་བཟུང་། ཚན་པའི་ཞབས་ཞུའི་སྒྲིག་བཀོད་དང་། སྨན་བསྟེན་མཚོན་རྟགས། ཁོར་ཡུག་འཕྲོད་བསྟེན་གྱི་གནས་ཚུལ་བཅས་དུས་ཐོག་ཏུ་བརྟག་དཔྱད་དང་དཔྱད་བསྡུར་དང་། བཙོག་ཟིང་ཞན་གསུམ་གྱི་རྣམ་པ་དུས་ཐོག་ཏུ་བཅོས་སྒྲིག གཙང་མ་དང་། མཛེས་པོ། སྔོ་ལྗང་བཅས་ཡོང་བ་བྱས་ནས་ནད་པར་ཁུ་སིམ་པ་དང་། དཀར་ཆ་དོད་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྨན་བཅོས་ཀྱི་ཁོར་ཡུག་ཅིག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།