[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀུན་སྤྱོད་ལ་བརྟེན་ནས་མི་གསར་སྐྱོང་བ།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་རིང་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སོང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-04

    གསུང་བཤད་ཐེངས་རེ་རེའི་ནང་དོན་གཟིགས་རྒྱང་རིང་བ་དང་། འཚམས་འདྲིའི་བཀའ་མོལ་རེ་རེས་མི་སེམས་དྲོ་བར་བྱེད་པ། སྤྲིངས་པའི་འཕྲིན་ཡིག་རེ་རེས་བརྩེ་བ་ཟབ་མོ་མཚོན་པ་ལ་སོགས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྐུལ་སློང་འོག རྒྱ་ཆེའི་དགེ་བའི་བཤེས་གཉེན་ཚོས་དུས་རབས་ཀྱི་འགན་འཁྲི་དང་མི་དམངས་ཀྱི་རེ་འདུན་ཆུད་ཟོས་སུ་མ་བཏང་བར་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བ་དང་ཤུལ་འཛིན་བ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་འབད་འཐབ་ལྷོད་མེད་གནང་དང་གནང་མུས་རེད།

    གྲངས་གཞི། བོད་ཀྱི་སློབ་གསོའི་གྲུབ་འབྲས་གསར་པ་གླེང་བ།

    མིག་སྔའི་བར་ལྗོངས་ཡོངས་སུ་སློབ་གྲྭ་2442ཡོད་པ་ལས། བུ་བཅོལ་ཁང་1477དང་། སློབ་ཆུང་809 སློབ་འབྲིང་133 འབྲིང་རིམ་ལས་རིགས་སློབ་གྲྭ་11 མཐོ་རིམ་སློབ་གྲྭ་7 དམིགས་བསལ་སློབ་གྲྭ་5བཅས་ལ་སློབ་མ་782470ཡོད་པ་དང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སློབ་མ་702336དང་། ལྗོངས་ཕྱིའི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་80134ཡོད་པ་དང་། ལས་ཐོག་དགེ་རྒན་53830ཡོད། སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་77.9%དང་། སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་99.5% སློབ་འབྲིང་དུ་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་99.5% མཐོ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་82.3% མཐོ་རིམ་སློབ་གསོར་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་39.2%བཅས་ཟིན་གྱི་ཡོད།

    རང་ལྗོངས་སུ་ད་ཆ་རྫོང་62ལ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་བྱུང་ནས། བོད་ཀྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་བྱུང་ཚད་95%ཙམ་ཟིན་པ་དང་བོད་ཀྱི་སྤྱི་ཕན་རང་བཞིན་གྱི་སྐད་གཉིས་བུ་བཅོལ་ཁང་གྲོང་ཚོ་དང་གྲོང་ལྷན་60%ཡན་ལ་ཁྱབ་ཡོད།

    བྱེད་ཐབས། བོད་ཀྱི་སློབ་གསོའི་ཉམས་མྱོང་བཟང་པོ་གླེང་བ།

    བོད་ཀྱི་སློབ་གསོས“རྩ་བ་དྲུག”ལ་དམ་པོར་དམིགས་ཏེ། “8534”ཡི་ཏང་འཛུགས་སྐྱོང་ལས་དོན་ཚད་ལྡན་ཅན་འཛུགས་སྐྱོང་ལག་ལེན་བསྟར་ནས་སློབ་གྲྭ་འབྲིང་ཆུང་དང་། སློབ་གྲྭ་ཆེ་མོ། ལས་ཁུངས་བཅས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཚད་གཞི་དང་དེ་བཞིན་གདེང་འཇོག་མ་ལག་རིགས་ཕྱེ་ནས་བཟོས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྲོག་ཤིང་དུ་བྱས་ཏེ་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་། སྤྱི་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས། སློབ་ཁྲིད་ཚན་ཞིབ་རྩ་འཛུགས་བཅས་འཛུགས་སྐྱོང་དང་སྡེ་ཚོགས་དོ་དམ་ཚད་ལྡན་དུ་བཏང་སྟེ། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། མིག་སྔར་སློབ་གསོའི་ཁོངས་གཏོགས་སུ་ཏང་རྩ་འཛུགས་2065དང་ཏང་ཡོན་ཁྲི་3.5ཡོད་པ་དང་། སློབ་ཆེན་སློབ་མའི་ཏང་ཡོན་གྱིས་མཐོ་སློབ་སློབ་མའི་13%བཟུང་ཡོད།

    མིག་སྔར“ཚང་མ་གསུམ་གྱི་མི་སྐྱོང”ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། “སློབ་གསོ་ལྔ”མཉམ་སྤྱོད་ཀྱིས་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་ལུས་རྩལ་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པའི་ཐད་གཞོལ་བ། “ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་བློ་ལ་བརྟན་པོར་བཅངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་བ་གསོ་སྐྱོང་བྱེད”པའི་སློབ་གསོ་ལག་ལེན་བྱེད་སྒོ་དང“མི་རིགས་མཐུན་སྒྲིལ་ཟླ་བ”སོགས་རིམ་སྤེལ་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་སློབ་གྲྭ་90དང་སློབ་རའི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ་89བཙུགས་པ་དང་། སྒྱུ་རྩལ་རྩེར་སོན་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་ནས་སློབ་མའི་མཛེས་ཆོས་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད། ད་དུང་སློབ་གསོ་ཆ་འཕྲིན་ཅན་2.0སྣེ་ཁྲིད་དུ་བྱས་ཏེ་ཇོ་མོ་གླང་མའི་ཆི་ཡུན་འཆར་གཞིའི“སྟེགས་བུ་གཉིས་དང་དམིགས་ཚད་གཅིག”དང་། “སློབ་གྲྭ་བརྒྱའི་དཔེ་སྟོན”“དྲ་རྒྱ་བཞི་དང་མཛོད་བདུན”བཅས་ལག་བསྟར་བྱས་ཏེ། ཞི་བདེ་སྲུང་སྐྱོང་བཀོད་འདོམས་ཀྱི་སྟེགས་བུ་བསྐྲུན་པ་མ་ཟད། གྲངས་འཛིན་གྱི་སློབ་གྲྭ་དེ་བས་མགྱོགས་མྱུར་བཙུགས་ནས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ཡོད། རྒྱལ་ཁབ་སློབ་གསོ་པུས་བོད་རྒྱལ་ཡོངས་ཀྱི“དྲ་སྦྲེལ+སློབ་གསོ”འཛུགས་སྐྱོང་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས་ཡོད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ཐད། ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་རྒན་གནས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི་དང་གྲོང་གསེབ་ཀྱི་དགེ་རྒན་གནས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཡོད། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ལོ་3གྱི་རིང་ཞིང་ཆེན་དང་གྲོང་ཁྱེར་17དང་མཐོ་སློབ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་སྔ་རྗེས་སུ་དགེ་རྒན་1276བོད་དུ་རོགས་སྐྱོར་དགེ་རྒན་བྱེད་པར་མངགས་པ་དང་། རང་ལྗོངས་ཀྱི་དོ་དམ་མི་སྣ་དང་དགེ་རྒན་1179ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གསོ་སྦྱོང་བྱེད་པར་བསྐྱོད་པ། ཁག་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཆར་གཞིར་བཅུག་ནས་གཅིག་གྱུར་དོ་དམ་བྱས་ཡོད།

    རྒྱང་ལྟ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ།

    བོད་ཀྱི་སློབ་གསོའི་བྱ་གཞག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས། སློབ་གསོར་འབད་འབུངས་ཧུར་ཐག་བྱེད་པར་དམ་འཛིན་བྱ་གཞི། སློབ་གསོ་ཆ་འཕྲིན་ཅན་གྱིས་འདེགས་སྐྱོར། སློབ་གསོ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སློབ་གསོའི་ཁུལ་སྟོབས་ཆེན་སྐྲུན་པ། བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བ་དང་ཤུལ་འཛིན་བ་གསོ་སྐྱོང་ཧུར་ཐག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།