[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་ཞུགས་ལས་གཏོད་ནང་ཧུར་ཐག་ཞུགས་ནས་དུས་རབས་གསར་པའི་འཇོན་ཐང་ཅན་ཞིག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབང་ཁྲུན།    |    སྤེལ་དུས།   2019-12-06

    མིག་སྔར། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུང་བརྡ་བཏང་ཞིང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་གོམ་སྟབས་བརྟན་ལ་ཤུགས་དང་ལྡན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཚ་རླབས་དྲག་པོ་འཕྱུར་ནས་གངས་ལྗོངས་ས་མཐོའི་གང་སར་སྐྱེས་སྟོབས་ཀྱི་དཔལ་འབར་ཡོད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་སྟོན་ཕྱོགས་སུ་འཛིན་པའི་མཉམ་སྦྲེལ་དྲ་རྒྱའི་དུས་རབས་སུ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཤེས་བྱ་དང་། འཇོན་ཐང་། བྱང་ཚད་བཅས་ལྡན་པའི་སློབ་ཆེན་སློབ་མའི་ཤེས་ལྡན་པས་ལས་ཞུགས་ལས་གཏོད་ནང་ཞུགས་ནས་དུས་རབས་གསར་པའི་རླབས་གཤག་ཕོ་རྒོད་བྱེད་ཕོད་པ་དགོས།

    སློབ་ཆེན་སློབ་མ་བདེ་བླག་ངང་ལས་ཞུགས་ལས་གཏོད་བྱེད་པར། རང་ངོས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་ནང་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་ཕུད། ད་དུང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་ཐུགས་ཁུར་བཅས་དང་ཡང་འབྲལ་ཐབས་མེད།

    མིག་སྔར་རང་ལྗོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་བཏོན་ཡོད་ཀྱང་། དེའི་ཁྱབ་རྒྱ་ཆེ་བས་འབྲེལ་ཡོད་ཕྱོགས་ཁག་གིས་མཐུན་སྦྱོར་མཉམ་སྒུལ་དང་གནད་སྨིན་ཤུགས་འདོན་བྱས་ནས་སློབ་ཐོན་སློབ་མར་མ་དངུལ་གྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག རྒྱ་ཁྱབ་ངང་བརྟག་ཞིབ་བྱེད་པ་དང་། ལས་ཞུགས་ལས་གཏོད་ཀྱི་དཀའ་གནད་ལ་དམིགས་ནས་ད་ཡོད་ཀྱི་སྲིད་ཇུས་ལ་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ཚོད་སྐོར་བྱས་ཏེ་རྒྱུན་མཐུན་ངང་ལེགས་སུ་གཏོང་དགོས། སྨྱན་སྦྱོར་དང་འབྲེལ་ཡོད་དྲིལ་བསྒྲགས་སྡེ་ཚན་གྱིས་སྲིད་ཇུས་དྲིལ་བསྒྲགས་དང་དཔེ་མཚོན་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱིས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་བརྩི་འཇོག་དང་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    མཐོ་སློབ་ཀྱིས་གསར་གཏོད་དང་ལས་ཞུགས་ལས་གཏོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲོམ་རའི་མདུན་ལམ་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་དང་སློབ་ཚན་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ། སློབ་གསོར་བརྟེན་ནས་མི་སྐྱོང་བའི་སྤུས་ཚད་མཐོ་རུ་གཏོང་བ། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པ། དངོས་སྦྱོང་དང་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་ཆེན་སློབ་མ་སློབ་གྲྭ་མ་ཐོན་གོང་ནས་ཡང་དག་པའི་ལས་ཞུགས་ལས་གཏོད་ཀྱི་འདུ་ཤེས་འཇགས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་དངོས་ཀྱི་རྩལ་ནུས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།