[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཞིང་པ་མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

    2019ལོའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་ལ་དམིགས་པ་བཅས་བྱས་ཏེ“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། ཞིང་གསུམ་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཀྱི་རྣམ་པར་རྩ་བའི་འགྱུར་ལྡོག་གཏོང་དགོས་ཚེ། དང་ཐོག་ཞིང་ལས་ཐོན་སྐྱེད་ལ་སྐུད་འདེད་གཏོང་དགོས་ཤིང་། ཞིང་ལས་འཕྲུལ་ཆས་ཅན་ནི་ཞིང་ལས་ཐོན་སྐྱེད་ལ་སྐུད་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། གང་ལགས་ཤེ་ན། ཞིང་ལས་འཕྲུལ་ཆས་ཅན་ནི་སྤྱོད་གོ་ཆོད་པའི་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་བེད་སྤྱད་ནས་ཞིང་ལས་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་ཀྱིས། ཞིང་ལས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་དང་དཔལ་འབྱོར་ཕན་འབྲས། སྣོད་བཅུད་ཕན་འབྲས་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་རེད།

    མིག་སྔར། རང་ལྗོངས་ཀྱིས་ཀྲུང་དབྱང་གི་ཞིང་གསུམ་ལས་དོན་སྐོར་གྱི་མཛུབ་སྟོན་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་གཞིགས་ནས། ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་གསེབ་ཀྱི་ཞིང་ལས་བྱེད་ཐབས་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། འོན་ཀྱང་། ཕྱོགས་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ཏེ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱེད་པའི་དམིགས་ཚད་དང་བསྡུར་ན། ད་དུང་ཕྱོགས་མང་པོའི་ཐད་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་གནད་ཀྱང་མཆིས། དེས་ན། སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། གཅིག་ནས་རིམ་པ་ཁག་གི་སྲིད་གཞུང་གིས་རང་རང་སོ་སོའི་ས་གནས་ཀྱི་གནས་ཚུལ་ལ་གཞིགས་ནས། ཞིང་གསུམ་ལས་དོན་གྱི་བྱེད་པོར་གྱུར་པའི་ཞིང་པ་མང་ཚོགས་ལ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཕན་དགེ་དྲིལ་བསྒྲགས་ནུས་ལྡན་བྱས་ནས་ཞིང་པའི་འདུ་ཤེས་སྲོལ་རྒྱུན་གྱི་ཞིང་ལས་བྱེད་ཐབས་ནས་འཕྲུལ་ཆས་ལ་བརྟེན་ནས་ཞིང་ལས་བྱེད་པའི་ཕྱོགས་སུ་སྒྱུར་དགོས། གཉིས་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་དགོས་ན། དང་ཐོག་ཞིང་པ་མང་ཚོགས་ལ་སྒེར་རམ་སྤྱི་ལ་དབང་བའི་འཕྲུལ་ཆས་དགོས་པ་ནི་ཞིང་ལས་འཕྲུལ་ཆས་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་རེད། འོན་ཀྱང་། རྒྱུ་རྐྱེན་འདྲ་མིན་དབང་གིས་ཞིང་པ་མང་ཚོགས་ཚང་མར་ཆ་ཚང་བའི་ཞིང་ལས་འཕྲུལ་ཆས་ཉོ་བའི་ཆ་རྐྱེན་མེད་པས་གྲོང་གསེབ་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཞིང་ལས་ཕྱེད་འཕྲུལ་ཆས་ཅན་དུ་ལུས་ཡོད། དེར་བརྟེན། གོང་རིམ་སྲིད་གཞུང་དང་ལྷག་དོན་དུ་གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣས་ཞིང་པ་མང་ཚོགས་ལ་ཞིང་ལས་འཕྲུལ་ཆས་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་དང་ཐབས་ལམ་གསལ་སྟོན་བྱེད་དགོས་པ་མ་ཟད། གྲོང་ཚོ་གཅིག་གི་ཞིང་ལས་ཀྱི་འབོར་ཚད་ལ་བལྟོས་ནས་ཞིང་ལས་འཕྲུལ་ཆས་ཞིང་པ་སྒེར་རམ་ཡང་ན་མཉམ་སྡེབ་ཀྱིས་ཉོས་ཚེ། གང་ཞིག་འཚམ་མིན་ཐད་ཐབས་དང་ཇུས་འདོན་རོགས་བྱེད་དགོས། གསུམ་ནས་ཞིང་པ་མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་ཚད་ལྡན་བེད་ཡང་དག་སྤྱད་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་ཤོས་སུ་སྒྱུར་དགོས་ཤིང་། ཞིང་པས་འཕྲུལ་ཆས་བཀོལ་བའི་ཆུ་ཚད་གོང་མཐོར་གཏོང་ཆེད། གོང་རིམ་སྲིད་གཞུང་དང་ཞིང་ལས་དང་འབྲེལ་བའི་སྡེ་ཚན་གྱིས་མཛུབ་མོས་རི་སྟོན་པ་བཞིན་ལས་ཡུལ་དངོས་སུ་བསྐྱོད་ནས་འཕྲུལ་ཆས་བེད་སྤྱོད་སྟངས་སློབ་དགོས་པ་དང་། ཞིང་དལ་དུས་སྐབས་དང་བསྡུན་ནས་ཞིང་ལས་འཕྲུལ་ཆས་སྤྱོད་སྟངས་གསོ་སྦྱོང་བྱེད་དགོས།

    མདོར་ན། ཞིང་ལས་འཕྲུལ་ཆས་ཅན་ནི་དུས་རབས་ཀྱི་འཕེལ་རྒྱས་དང་འགྲོགས་པའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན་ལ། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཀྱང་ཡིན་པས། རང་ལྗོངས་ཀྱི་གྲོང་གསེབ་ཀུན་ཏུ་ཕྱོགས་ཀུན་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་དོན་ལ་སྐུད་འདེད་ཤུགས་ཆེན་བཏང་ནས། ཞིང་པ་མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་ཀྱི་ཕན་འབྲས་དངོས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།