[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • 2019ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    653945_yis_1566187502600.jpg

    འདི་ནི་འགྲན་ཞུགས་པ་ཚོརྒྱུག་འགོ་ཚུགས་པའི་རྣམ་པ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ནང་ནས་ཁས་ལེན་དཔང་འདོན་བྱས་པའི་ས་བབ་མཐོ་ཤོས་ཀྱི་མར་སུན་—— 2019ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ས་མཐོར་དངོས་སུ་འགོ་ཚུགས་པ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནས་ཡོང་བའི་མར་སུན་འགྲན་རྒྱུག་ལ་དགའ་པོ་བྱེད་མཁན་5000ལྷག་ཙམ“ཉི་འོད་གྲོང་ཁྱེར”དུ་འཛོམས་ཏེ། གངས་ལྗོངས་ས་མཐོའི་སྤྲོ་སེམས་འཁོལ་བའི་འགྲན་རྒྱུག་ལ་ཞུགས་པ་རེད།

    སྔ་དྲོའི་ཆུ་ཚོད་10པར་བརྡ་གཏོང་མེ་མདའི་སྒྲ་དང་བསྟུན་ནས། འགྲན་ཞུགས་པ་ཚོ་ལྷ་སའི་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་ནས་ཐོན་ཏེ། ཅང་སུའུ་ལམ་ཆེན་དང་། ལྷ་ས་ཟམ་ཆེན། པིང་ཧོ་ཟམ་པ། པེ་ཅིང་དཀྱིལ་ལམ་སོགས་བརྒྱུད་དེ་མཐའ་མཇུག་ས་ཚིགས་ཡིན་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཕྱོགས་སུ་རྒྱུག་པ་རེད། དེ་དག་ལས་སྤྱི་ལེ་5ཡི་མྱོང་རོལ་འགྲན་རྒྱུག་ལ་ཞུགས་མཁན་3500མཐའ་མཇུག་ས་ཚིགས་པིང་ཧོ་ལམ་དུ་འབྱོར་རྗེས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བྱ་དགའ་ལེན་པར་བསྐྱོད་པ་རེད།

    རྒྱུག་ལམ་གཡས་གཡོན་དུ། ལྷ་སའི་གྲོང་མི་དང་སློབ་མ་སོགས་ལས་རིགས་ཁག་གི་མི་སྣས་རྒྱལ་དར་དང་ཁ་བཏགས་གཡུག་གཡུག་བྱས་ནས་འགྲན་ཞུགས་པ་ཚོར་ངར་སློང་བ་དང་། དང་བླངས་པ་ཚོས་ཆུ་སོགས་སྤྲད་དེ་ཞབས་ཞུ་ཡག་པོ་མཁོ་འདོན་བྱས་པ་རེད། མཇུག་མཐར་ལིང་ཧུའུ་ཁྲེ་ཡིས་ཆུ་ཚོད་1དང་སྐར་མ་27དང་སྐར་ཆ་37གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ཨང་དང་པོ་བླངས་པ་དང་། ལིན་ཧུང་དབྱིང་གིས་ཆུ་ཚོད་1དང་སྐར་མ་47དང་སྐར་ཆ་29ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ཨང་དང་པོ་བླངས་པ་རེད།

    2019ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐོག་ཁྱོན་ལམ་ཕྱེད་མར་སུན་འགྲན་རྒྱུག་དང་། སྤྱི་ལེ་10ཡི་ཚོགས་ཆུང་། བདེ་ཐང་རྒྱུག་ཤར(སྤྱི་ལེ་5)བཅས་ཁག་གསུམ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཉིང་གིས། ཐེངས་འདིའི་འགྲན་རིམ་ན་ནིང་དང་བསྡུར་ན་རིམ་པ་སྔར་བས་མཐོ་རུ་ཕྱིན་ཡོད་པ་སྟེ། ན་ནིང་གི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་དཔང་འདོན་བྱས་པའི་Bརིགས་ཀྱི་འགྲན་དོན་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་Aརིགས་ཀྱི་འགྲན་དོན་དུ་རིམ་སྤོར་ཐུབ་ཡོད་ཅེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།