[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བཅོས་དཀའི་ནད་ལ“གནད་འཁེལ་སྨན་བཅོས”བྱས་པར“རྣག་ཐོག་བཙག་འཁེལ”གྱི་ཕན་ནུས་མངོན་གསལ་དོད་པོ་ཐོན་པ།

    ​ བོད་ལྗོངས་ཀྱི་2016ལོའི་བདེ་ཐང་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-19

    2016ལོ་ནས་བཟུང་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་དང་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ཏེ་བདེ་ཐང་དབུལ་སྐྱོར་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་བཏང་ཡོད།

    ངོས་འཛིན་གནད་སྨིན་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ།

    གནད་སྨིན་ངང་དབུལ་པོ་དབྱེ་འབྱེད་བྱ་རྒྱུ་ནི་གནད་སྨིན་དབུལ་སྐྱོར་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཞིག་ཡིན།

    དེར་བརྟེན་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་དང་མཉམ་དུ་ལྗོངས་ཡོངས་ཀྱི་རྫོང་74ལ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག”གི་ལས་དོན་ལ་བརྟག་དཔྱད་བྱས་པ་དང་། ནད་གཞི་ཕོག་མང་བ་དང་། སྨན་བཅོས་གྲོན་དངུལ་ཐོབ་མང་བ། ཐོན་སྐྱེད་དང་འཚོ་བའི་བྱེད་ནུས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་པ་བཅས་ཀྱི་ནད་རིགས་གཙོ་བོ་45ཡི་ནད་གཞི་ཕོག་པ་དང་། བརྟག་དཔྱད། སྨན་བཅོས། སྨན་བཅོས་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ཞིབ་བསྡུར་དང་ཞིབ་མཆན་འགོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་དེ་བཞིན་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་དང་ཟུང་འབྲེལ་ནུས་ལྡན་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གཟུགས་པོ་བརྟག་དཔྱད་བྱས་པ་དང་འབྲེལ། བདེ་ཐང་གི་ཡིག་ཚགས་བཟོས་པའམ་གསར་བརྗེས་བྱས་ཏེ་བདེ་ཐང་གི་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་སྐུལ་མ་གཏོང་ཆེད་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ཡོད།

    ངོས་འཛིན་གནད་སྨིན་གྱི་རྨང་གཞིའི་ཐོག་སྒྲིག་གཞི་དང་ལམ་སྲོལ་གྱིས་འགན་ལེན་བྱས་པར་དབུལ་སྐྱོར་གྱི་བྱ་ཐབས་ཁག་ལ་ཕན་འབྲས་ཆེ་ཤོས་ཐོན་ཏེ་མི་འབོར་དབུལ་པོར་ཕན་འབྲས་དངོས་ཐོན་པ་དང་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཡོད།

    —— ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལ་སྲིད་གཞུང་ནས་སྤྲོད་པའི་ཁ་གསབ་ཚད་གཞི་དེ་2015ལོའི་ལོར་མི་རེར་ཆ་སྙོམས་སྒོར་420ནས་2016ལོའི་སྒོར་435བར་མཐོ་རུ་ཕྱིན་པ།

    —— ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་འགན་བཅོལ་གྲོན་དངུལ་དེ་2015ལོའི་ལོར་མི་རེར་ཆ་སྙོམས་སྒོར་8ནས་2016ལོའི་སྒོར་18བར་མང་དུ་ཕྱིན་ནས་སྲིད་གཞུང་གིས་མ་དངུལ་གཏོང་འབོར་སྒོར་ཁྲི་4622.92ཟིན་ཡོད།

    —— ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་74ལ་ཡིག་ཚགས་དང་གཱ་བཟོས་པའི་ནད་པ་དབུལ་པོ་སྨན་ཁང་དུ་སྡོད་པར་སྔོན་ལ་སྨན་བཅོས་བྱེད་པ་དང་མཇུག་ཏུ་སྨན་རིན་སྤྲོད་རྒྱུ་མངོན་འགྱུར་བྱུང་ཡོད།

    རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལ་སྲིད་གཞུང་ནས་ཁ་གསབ་སྤྲོད་པའི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཞིང་འབྲོག་པའི་ནད་ཆེན་གྱི་འགན་བཅོལ་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བས་ས་ཁུལ་དབུལ་པོའི་སྨན་བཅོས་འགན་ལེན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད། 2016ལོའི་ཟླ་11བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ནད་པ་863ལ་འགན་བཅོལ་གྱི་སྐྱིན་ཚབ་དངུལ་སྤྲད་པ་བསྡོམས་འབོར་སྒོར་ཁྲི་3296.85ཟིན་པ་དང་མི་རེར་ཆ་སྙོམས་དངོས་སུ་སྐྱིན་ཚབ་སྤྲོད་ཚད་སྒོར་ཁྲི་3.8ཙམ་ཟིན་ཡོད།

    གནད་འཁེལ་དོ་དམ་བྱས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

    སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དུས་ཐོག་དང་ཕན་ནུས་ལྡན་པ་བྱས་ནས་མི་འབོར་དབུལ་པོར་ཉེ་ས་ནས་ནད་ལྟ་ཐུབ་པ་དང་། དུས་ཐོག་ཏུ་སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཐོ་རུ་ཇི་ལྟར་གཏོང་རྒྱུ་ནི་བདེ་ཐང་དབུལ་སྐྱོར་གྱི་ཕན་འབྲས་ཐོན་མིན་གྱི་འགག་རྩ་ཡིན།

    ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཡུན་ཐིང་གིས་ན་ནིང་ནས་བཟུང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་སྡེ་ཚན་ཁག་གིས་ས་ཁུལ་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་དང་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཤུགས་ཆེ་རུ་བཏང་སྟེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལག་ལེན་བསྟར་ནས་ས་ཁུལ་དབུལ་པོའི་གཅོང་ནད་དང་། འགོས་ནད། ཡུལ་ནད་བཅས་སྔོན་འགོག་ཚོད་འཛན་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁུལ་དབུལ་པོའི་མ་བུའི་བདེ་ཐང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    གནད་ལ་འཕིགས་པའི་གྲངས་གཞི་རེ་རེ་ལས་གྲུབ་འབྲས་ཐོབ་ཆེད་བློས་གཏོང་དང་འབད་འཐབ་བྱས་པ་མངོན་ཡོད། བཅོས་མིན་གྱི་གྲངས་གཞི་རེ་རེ་ལས་རང་ལྗོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོམ་པ་བརྟན་པོའི་ངང་སྤེལ་བའི་དཔང་པོའང་བྱས་ཡོད།

    —— 2016ལོར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་235ཡི་ཆ་འཕྲིན་མ་ལག་ཚང་མ་སྤྱོད་འགོ་ཚུགས་ཡོད་པ་དང་།

    —— 2016ལོར་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ནས་སྒོར་ཁྲི་2000བཏང་སྟེ་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་རིམ་གསུམ་འཕྲོད་བསྟེན་མི་སྣ་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་གཞི་རིམ་གྱི་འཕྲོད་བསྟེན་མི་སྣའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བར་ལོ་ཧྲིལ་པོར་མི་ཐེངས་ཁྲི་1.4ལ་གསོ་སྐྱོང་བྱས་ཡོད།

    —— 2016ལོར་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཚད་གཞི་སྒོར་55བར་མཐོ་རུ་བཏང་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པས་ལོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.6ཟིན་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་12གཞི་རིམ་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཡོད།

    —— 2016ལོར་ལྗོངས་ཡོངས་སུ་ཏེན་ཚྭ་ཁྱབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཏེན་མི་འདང་བའི་ནད་སེལ་བའི་ལས་དོན་སྤེལ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག་གྲུམ་བུ་ཚིགས་ཆེན་ནད་ལྟ་དཔྱད་དང་ཕྱོགས་བསྡུས་འགོག་བཅོས་ལས་དོན་རྒྱུན་མཐུད་ངང་སྤེལ་ཡོད།

    —— 2016ལོར་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པར་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་ལྗོངས་ཡོངས་ཀྱི་སྦྲུམ་མ་32768ལ་ཁ་གསབ་དངུལ་སྒོར་ཁྲི་3208སྤྲད་ཡོད།

    གནད་སྨིན་རོགས་སྐྱོར་བྱས་ནས་དབུལ་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་བ།

    “དེ་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྨན་པས་ང་ཚོར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་ཡོང་གི་ཡོད་པ་གོ་ཐོས་བྱུང་བས་རང་ཉིད་སྔ་པོ་ནས་དེ་གར་ཡོང་བ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་བཞད་སྨོན་མཐོང་རྫོང་རྟ་ནག་མདའ་ཤང་རང་བྱོན་གྲོང་ཚོའི་ཡུལ་མི་སྟོབས་ལགས་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད་བྱུང་།

    རྣམ་པ་དེ་ལྟ་བུ་ས་མཐོའི་གང་ས་ནས་མཐོང་རྒྱུ་ཡོད།

    གྲོང་ཚོར་བཅའ་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་བདུན”ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ཕྱོགས་མཚུངས་རང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ལྷག་པར་དུ་བདེ་ཐང་ཐད་ཀྱི་གནད་དོན་དངོས་ཐག་གཅོད་བྱས་ཡོད།

    —— སྨན་བཅོས་བྱེད་པ་དང་སྨན་སྤྲོད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་ཞིང་། སྨན་རིན་མི་དགོས་པར་སྐོར་སྐྱོད་སྨན་བཅོས་དང་དེ་བཞིན་ཆུ་ཚོད་24ཡི་རིང་སྨན་བཅོས་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ཡུལ་མི་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་བདེ་ཐང་གི་སློབ་གསོ་བཏང་ཡོད། བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་མང་ཚོགས་ཁྲི་ཙམ་ལ་འོས་འགན་སྨན་བཅོས་དང་བདེ་ཐང་གི་ཚན་རིག་ཁྱབ་གདལ་གཏོང་རྒྱུའི་སློབ་གསོ་བཏང་ཁར་རིན་ཐང་སྒོར་ཁྲི་17ཙམ་རི་བའི་སྨན་རིན་པ་མི་དགོས་པར་སྤྲད་ཡོད།

    —— མཐུན་སྦྱོར་ཧུར་ཐག་བྱས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ལུང་ཤང་གླང་གོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་སྲིད་གཞུང་དང་མཐུན་སྦྱོར་བྱས་ནས་སྒོར་ཁྲི་360ཐག་གཅོད་བྱས་ཏེ་གྲོང་ཚོ་འདི་ཉིད་རྒྱལ་ཁབ་གློག་དྲ་དང་སྦྲེལ་བ། ལྷ་ས་མཁའ་འགྲུལ་ཁུལ་གསར་རྒྱ་དྲུག་གླིང་གྲོང་རྡལ་རྒྱ་དྲུག་གླིང་ཨུ་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་པ་60ལ་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་གི་གྲོན་དངུལ་སྒོར་ཁྲི་21བརྩོན་ལེན་བྱས་ཡོད།

    —— ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནས་སའི་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ཡོངས་ཁྱབ་ངང་བཟོས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རྣམ་གྲངས་དོན་འཁྱོལ་ཧུར་ཐག་ཡོང་བ་བྱས་ཡོད། མིག་སྔའི་བར་ལས་དོན་རུ་ཁག་ཁག་གིས་གནས་སའི་གྲོང་ཚོར་དམངས་ཕན་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1000ཙམ་བརྩོན་ལེན་དང་། མཐུན་སྦྱོར། འབྲེལ་གཏུག་བཅས་ཡོང་བ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།