[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་གནད་སྨིན་ཐབས་ཇུས་བཟོས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་མ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-01

    གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ལ། རེས་འཁོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཤར་ནུབ་དབུལ་སྐྱོར་མཉམ་སྒྲུབ་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་ངང་འཁུར་ཏེ། ཟོལ་མེད་བརྩེ་སེམས་བཅངས་ནས་བོད་སྐྱོར་དང་། གནད་སྨིན་བོད་སྐྱོར། ཕྱོགས་ཡོངས་ནས་བོད་སྐྱོར་བཅས་འཐའ་འཁྱོངས་བྱས་པ་མ་ཟད། ད་དུང་ལོ་གསུམ་རིང་ཁ་གཏད་བོད་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་2.7བཏང་སྟེ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་མ་བཏང་བ་རེད།

    ཐོན་ལས་གླིང་མཉམ་སྐྲུན་བྱས་ནས་གནད་སྨིན་དབུལ་སྒྲོལ་ཡོང་བ་བྱས་ཤིང་། ཆིང་ཏའོ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི《“ཐོན་ལས་ཆེ་གྲས་བདུན”འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གཞིགས་ནས། ས་གནས་དེ་གའི་འོད་འཕྲོའི་ཆ་རྐྱེན་བཟང་བ་སོགས་ཀྱི་ལེགས་ཆ་སྤྱད་དེ་མ་དངུལ་སྒོར་ཁྲི་5800བཏང་ནས་བསམ་གྲུབ་རྩེ་ཆུས་ཀྱི“འོད་ཤུགས་དང་སྒྲིག་བཀོད་ཞིང་ལས་དབུལ་སྐྱོར་དཔེ་སྟོན་ཁུལ་ཟུང་དུ་སྦྲེལ་བའི”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དྭངས་གཙང་ནུས་རྒྱུའི་ལས་རིགས་དང་འདེབས་འཛུགས་གསོ་ཚགས་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཐོན་ལས་འཕེལ་རྒྱས་བརྒྱུད་རང་བརྟེན་རྣམ་པའི་དབུལ་སྐྱོར་ལག་བསྟར་བྱས་ཡོད། གླིང་དེས་ས་ཁྱོན་མུའུ་ཁྲི་6.5བཟུང་བ་དང་། དུས་ཐེངས་དང་པོར་ཀྲའོ་ཝ་600གསར་སྤེལ་བྱ་རྩིས་ཡོད་པར། མ་དངུལ་སྒོར་དུང་ཕྱུར་72གཏོང་རྒྱུ་དང་རྣམ་གྲངས་བསྐྲུན་ཟིན་རྗེས་ཡུལ་གཞན་དུ་གནས་སྤོ་བྱས་པའི་གྲོང་ཚོ་གསར་པ་དང་ཉེ་འགྲམ་གྱི་ཤང་དང་གྲོང་ཚོའི་མང་ཚོགས་4000ཙམ་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།

    “ཤང་རེར་ཐོན་ལས་རེ་དང་གྲོང་ཚོ་རེར་སྤུས་རྟགས་རེ”གོང་འཕེལ་བྱུང་བའི་རྣམ་པ་བཟང་པོ་མངོན་ཞིང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས། ཞིང་ལས་མཉམ་ལས་མཉམ་འབྲེལ་ཁང་འཕེལ་རྒྱས་བཏང་ནས་ཞིང་པ་སྒྲིག་འཛུགས་བྱེད་ཚད་ཆེ་རུ་གཏོང་རྒྱུ་དེ་འཇུག་གཞིར་བྱས་ཏེ། “ཤང་རེར་ཐོན་ལས་རེ་དང་གྲོང་ཚོ་རེར་སྤུས་རྟགས་རེ”སྐྱེད་སྲིང་བྱས་པ་དང་། གདོང་དཀར་ཤང་དུ་མཉམ་ལས་མཉམ་འབྲེལ་ཁང་འཛུགས་རྒྱུར་རོགས་རམ་དང་མཛུབ་ཁྲིད་བྱས་ཤིང་། ཤང་ཡོངས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་9མཉམ་ལས་མཉམ་འབྲེལ་ཁང་ནང་གཅུག་ནས་དེའི་ནང་ཞུགས་མཁན་ཧྲི་ཡོན་དུད་ཚང་136དང་མི་གྲངས་610ཟིན་ཏེ་ཞོག་ཁོག་འདེབས་ཁྱོན་མུའུ་7000ལྷག་ཙམ་ཟིན་ཡོད། མིག་སྔར་མཉམ་ལས་མཉམ་འབྲེལ་ཁང་འཕེལ་རྒྱས་བྱུང་ནས་ཕན་འབྲས་ཐོན་པས་ལོ་འདིའི་ནང་ཤང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་340ཚང་མ་མཉམ་ལས་མཉམ་འབྲེལ་ཁང་ནང་གཅུག་ནས་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་ཞོག་ཁོག་འདེབས་འཛུགས་དང་གླ་པ་སྒྲིག་འཛུགས་བྱས་ཏེ་གནད་སྨིན་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་རེད།

    དབུལ་སྐྱོར་ཟོག་འགྲེམས་ལྟེ་གནས་སྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མང་ཚོགས་དབུལ་པོ་སྣེ་ཁྲིད་དེ་གནད་སྨིན་དབུལ་སྐྱོར་ཡོང་བ་བྱས་ཤིང་། ཆིང་ཏའོ་བོད་སྐྱོར་ལས་བྱེད་པས་གྲོང་ཁུལ་གྱི་དེ་སྔའི་ཕྱུགས་ལས་ཁང་བསྐྲུན་རྒྱུར་སྤྱོད་རྒྱུའི་ས་ཆ་བེད་སྤྱད་དེ་བསམ་གྲུབ་རྩེ་ཆུས་དབུལ་སྐྱོར་ཟོག་འགྲེམས་ལྟེ་གནས་འཆར་འགོད་བྱས་ནས་བསྐྲུན་པར། ཁྱོན་མ་དངུལ་སྒོར་ཁྲི་6500བཏང་བར་འཛུགས་སྐྲུན་གྱི་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་18000ཟིན་པ་ནི་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཆེ་ཤོས་ཤིག་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་བསམ་གྲུབ་རྩེ་ཆུས་དབུལ་སྐྱོར་གསར་སྤེལ་ཀུང་སིར་རྩིས་སྤྲད་དེ་གཉེར་སྐྱོང་བྱ་རྒྱུ་དང་། ཟོག་འགྲེམས་ཁེ་ལས་ནང་འདྲེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དབུལ་པོ་120ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་། དབུལ་སྐྱོར་ཟོག་འགྲེམས་ལྟེ་གནས་ཀྱི་ཡོང་འབབ་ཚང་མ་མང་ཚོགས་དབུལ་པོར་ཁ་གསབ་ཏུ་སྤྲོད་རྒྱུ་རེད།

    ཡུལ་གཞན་དུ་གནས་སྤོ་བྱས་པའི་གྲོང་ཚོ་གསར་པར་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཡུལ་གཞན་དུ་གནས་སྤོའི་འོད་ཤུགས་གྲོང་རྡལ་ཆུང་གྲས་འཆར་འགོད་བྱས་པར། སྔོན་དཔག་བྱས་ན་མང་ཚོགས་དུད་ཚང་2000ལྷག་ཙམ་དང་མི་ཁྲི་1ལྷག་ཙམ་གནས་སྤོ་ཐུབ་རྒྱུ་རེད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་བརྟག་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཚད་བརྒལ་དུ་བྱས་ནས། གཙང་གི་རིག་གནས་བཤམས་སྟོན་ཚོམས་ཆེན་དང་། གཙང་གི་ཁྱད་ལྡན་མཛེས་ལྗོངས་འགྲེམས་སྟོན་ཁང་། གཙང་གི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་སོགས་ལ་མ་དངུལ་སྒོར་ཁྲི་800བཏང་ནས་ཡུལ་གཞན་དུ་གནས་སྤོ་བྱས་པའི་གྲོང་ཚོ་གསར་པར་སྨི་ངོས་གྲུ་2000ཟིན་པའི་གཙང་གི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་སྐྲུན་འཆར་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་གསར་སྤེལ་ཀུང་སི་ནང་འདྲེན་བྱས་ཏེ་གྲོང་ཚོ་དེར་ཡུལ་སྐོར་བསྡུ་འགྲེམས་ས་ཚིགས་སྐྲུན་ནས་མང་ཚོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་ཞུགས་སུ་བཅུག་སྟེ། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ་རེད། མ་དངུལ་སྒོར་ཁྲི་500བཏང་ནས་ཡུལ་གཞན་དུ་གནས་སྤོ་བྱས་པའི་གྲོང་ཚོ་གསར་པར་སྨི་ངོས་གྲུ་1000ཟིན་པའི་དམངས་ཕན་ཞབས་ཞུ་ལྟེ་གནས་བསྐྲུན་ཏེ། “བཅུ་ལྡན”ཚད་གཞིར་སླེབས་པ་བྱས་ནས་ཡུལ་གཞན་དུ་གནས་སྤོ་བྱས་པའི་མང་ཚོགས་ལ་དམངས་ཕན་ཞབས་ཞུ་བསྒྲུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།