[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “བོད་ཀྱི་ཆུ་བཟང”ནུབ་བྱང་ཁྲོམ་རར་འདོན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-04

    ཟླ་5ཚེས་2ཉིན། “བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་ནུབ་བྱང་ཁུལ(ལན་ཀྲོའུ)གྱི་ཆེད་དོན་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་རྨ་ཆུའི་ངོགས་ཀྱི་གྲོང་ཁྱེར་ལན་ཀྲོའུ་རུ་གཉེར་ཞིང་། བོད་ཀྱི་འཁྱག་རོམ་གཏེར་ཆུ(5100)རྟགས་ཅན་དང་། ཇོ་རིའི་འཁྱག་རོམ་གཏེར་ཆུ། དབྱི་ཅེ་སྒྲོལ་མ་གཏེར་ཆུ། ཏཱ་ཀྲའོ་གནས་ཆུ། པད་མ་ལྷ་ཆུ་སོགས་བོད་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་གྲགས་ཅན་13གྱིས་བྱེད་སྒོའི་ནང་ཐོན་རྫས་འགྲེམས་སྟོན་དང་འོས་སྦྱོར་བྱས་པ་རེད། དེ་ནི་2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཆུ་བཟང་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་བཏོན་རྗེས་ནང་སར་བོད་ཀྱི་ཆུ་བཟང་གི་ཆེད་དོན་འོས་སྦྱོར་འདུ་ཚོགས་འཚོགས་ཐེངས་ལྔ་པ་ཡིན་པ་རེད།

    2014ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་འཕྲིན་པུས་མཉམ་འབྲེལ་ཐོག་མི་དམངས་ཚོགས་ཁང་ཆེ་མོར“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གཉེར་བ་དང་། དེ་རྗེས་ཀོང་ཀྲོའུ་དང་། ནན་ཅིང་། ཝུའུ་ཧན་སོགས་ས་ཆར“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་གཉེར་བས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ད་ཐེངས་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་དང་བོད་ཀྱི་ཆུ་བཟང་ལས་རིགས་མཐུན་ཚོགས་དང་དེ་བཞིན་བོད་ལྗོངས་གནས་ཆུ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་དུ་གཉེར་བའི་ནུབ་བྱང་ཁུལ(ལན་ཀྲོའུ)གྱི་ཆེད་དོན་འོས་སྦྱོར་བྱེད་སྒོ་གཉེར་བ་ནི་བོད་ཀྱི་ཆུ་བཟང་ལ་བརྟེན་ནས་ཀན་སུའུ་དང་ནུབ་བྱང་ས་ཁུལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ལེགས་འབུལ་ཞུ་ཆེད་རེད་ལ་བོད་ཀྱི་ཆུ་བཟང་གི་མངོན་མེད་ཁྲོམ་ར་སྔོག་འདོན་གཏིང་ཟབ་དང་སྟོབས་ཆེན་ནུས་ལྡན་བཏང་སྟེ་བོད་ཀྱི་ཆུ་བཟང་གི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་ཀྱང་རེད།

    “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་སུ་གྲགས་པའི་བོད་ཀྱི་དམིགས་བསལ་ས་ཁམས་ཀྱི་ཆ་རྐྱེན་དང་རང་བྱུང་ཐོན་ཁུངས་ལས་བོད་ཀྱི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་ཆུ་སྤུས་ལེགས་པོ་བྱུང་ཡོད་པ་དང་། འཇིག་རྟེན་སྐྱེ་བོ་ཀུན་གྱིས་ཁས་ལེན་བྱེད་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཡག་ཤོས་ཀྱི་གྲས་ཤིག་ཡིན། མིག་སྔར། རྒྱ་ཆེའི་འཛད་སྤྱོད་པས་འཐུང་ཆུའི་བདེ་འཇགས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་སྦྲགས་རང་བྱུང་ལྷད་མེད་ཀྱི་བཏུང་བྱའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་གི་ཡོད། 2016ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུ་བྲིན་ཁ་རྒྱུག་ཚད་ཏུན་ཁྲི་60ལྷག་ཙམ་ཟིན་ནས་2015ལོའི་དུས་མཚུངས་ལས་40%འཕར་བ་དེ་ནི་2010ལོའི་ལྡབ་10ཙམ་ཡིན་པ་རེད། འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་འབོར་ན་ནིང་གི་དུས་མཚུངས་ལས་116.6%ཙམ་འཕར་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས“ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྟོབས་ཆེར་ཧུར་ཐག་བཏང་བ་རེད། མིག་སྔའི་བར། ལྗོངས་ཡོངས་སུ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རག་པའི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་35ཡོད་པར་ཐོན་སྐྱེད་འཁོར་ཁང་40ལྷག་ཙམ་བསྐྲུན་ཟིན་པ་དང་ཐོན་སྐྱེད་ནུས་ཤུགས་ཏུན་ཁྲི་300ལྷག་ཙམ་ཟིན་གྱི་ཡོད་པས་ལས་རིགས་སྤྱི་ཡོངས་ཀྱི་ལག་རྩལ་དང་བཟོ་རྩལ་ཚད་གཞི་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

    ད་ཕན་ལོ་ཤས་རིང་། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2015ལོ་ནས་2025ལོ་བར)》འགྲེམས་སྤེལ་དང་ལག་བསྟར་བྱས་པས་ཐོན་ལས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཐུབ་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་ཏེ་སྔ་རྗེས་སུ《རང་བྱུང་འཐུང་ཆུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《ལག་བསྟར་ཞིབ་སྲོལ》བཏོན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་གཟིགས་སྐྱོང་སྲིད་ཇུས་དང་རྒྱབ་སྐྱོར་བྱ་ཐབས་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།