[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལང་ཚོའི་མེ་ཏོག་ས་མཐོར་བཞད།

    ཁག་བཅོ་བརྒྱད་པའི་བོད་སྐྱོར་འབུམ་རམས་པ་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཝུའེ་ཤིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-01

    འབུམ་རམས་པའི་སློབ་གནས་ཐོབ་རྗེས་ཀྱི་ལོ་བཅུའི་རིང་ལིའུ་ཝུའེ་ཤིན་གྱིས་ནུབ་རྒྱུད་དང་དབུལ་པོའི་ས་ཁུལ་དུ་བསྐྱོད་རྒྱུའི་རེ་ཞུ་ཐེངས་བདུན་ཕུལ་བ་སྟེ། ཀུའེ་ཀྲོའུ་རུ་ཐེངས་1དང་། ཅང་ཤིས་སུ་ཐེངས་1 ཤིན་ཅང་དུ་ཐེངས་2 བོད་དུ་ཐེངས་3 བཅས་རེད། མཐར་བོད་དུ་བསྐྱོད་རྒྱུའི་རེ་ཞུ་ཐེངས་བཞི་པར་ཆོག་མཆན་ཐོབ་ནས་རྩ་འཛུགས་ཀྱིས་ཁོང་ཁག་བཅོ་བརྒྱད་པའི་འབུམ་རམས་པ་ཞབས་ཞུ་ཚོགས་པའི་བོད་སྐྱོད་ཚོཌ་པའི་ཚོཌ་གཙོ་གཞོན་པར་བསྐོས་ནས་བོད་དུ་བཏང་།

    ནུབ་རྒྱུད་དུ་བརྩེ་སེམས་བཅངས།

    2006ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁག་བདུན་པའི་འབུམ་རམས་པ་ཞབས་ཞུ་ཚོགས་པ་མངགས་པ་དང་ལིའུ་ཝུའེ་ཤིན་གནས་སའི་ཧྲན་ཏུང་ཞིང་ཆེན་གྱིས་ཀུའེ་ཀྲོའུ་ཞིང་ཆེན་དུ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། མངགས་གཏོང་བྱེད་མིར་འཛོམས་དགོས་པའི་ཆ་རྐྱེན་ནི་འབུམ་རམས་པའི་སློབ་གནས་ཡོད་པ་དང་། རང་ལོ་ཧྲིལ་པོ་45མན་ཡིན་པ། ལོ་གཉིས་ཀྱི་ལས་ཀའི་ཉམས་མྱོང་ཡོད་པ། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པའམ་ཡང་ན་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་སྲིད་འཛིན་གོ་གནས་ཡོད་དགོས། ལིའུ་ཝུའེ་ཤིན་ལོ་སུམ་ཅུར་སླེབས་པ་དང་གོང་གསལ་གྱི་ཆ་རྐྱེན་དང་མཐུན་པར་བརྟེན་རྩ་འཛུགས་ལ་རེ་ཞུ་དང་པོ་དེ་ཕུལ།“མིང་ཐོ་བཀོད་རྗེས། ངའི་ལས་ཀར་འགྱུར་ལྡོག་ཕྱིན་སོང་། མཐོ་སློབ་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ནས་ས་གནས་སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱེད་དུ་བཅུག་བྱུང་། ལས་གནས་གསར་པའི་ཐོག་བསྐྱོད་ཐེངས་དང་པོ་ཡིན་པས། ཀུའེ་ཀྲོའུ་རུ་དང་བླངས་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་མི་དོར་ཀ་མེད་བྱུང”ཞེས་ལིའུ་ ཝུའེ་ཤིན་གྱིས་བརྗོད་བྱུང་།

    2009ལོར་ཅང་ཤིས་ཞིང་ཆེན་དབྱིང་ཐན་གྲོང་ཁྱེར་གྱིས་རྒྱལ་ཡོངས་ནས་འགོ་ཁྲིད་ལས་བྱེད་པ་འདེམས་འགོ་ཚུགས། ལིའུ་ཝུའེ་ཤིན་གྱིས་ཐེ་ཚོམ་མེད་པར་མིང་ཐོ་བཀོད་པ་དང་འབྲེལ་གུང་གཞོན་སྡེ་ཚོགས་དབྱིང་ཐན་གྲོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་ལ་རྒྱུགས་འཕྲོད། ཅང་ཤིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་ལས་དོན་བསྒྲུབས་རིང་ཁོང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པའི་ཐོག་གནད་དོན་ཕྱོགས་སྟོན་དུ་བྱས་ཏེ་བློ་ཁོག་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱས་པ་དང་འབྲེལ་གཞོན་ནུ་ཚོ་དང་གཅིག་སེམས་གཅིག་སྦྲེལ་བྱས་ཡོད། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པར་བརྟེན་2011ལོར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དུ་སྦྱོང་བརྡར་བྱེད་པར་བཏང་བ་དང་ཕྱིས་སུ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་པེ་ཅིང་དུ་འཐེན་ནས་ཀྲུང་གོ་རྒྱ་གྲམ་དམར་རྟགས་སྤྱི་ཁྱབ་ཚོགས་པར་ལས་སྒྱུར་བྱས་པ་རེད།

    ཅང་ཤིས་སུ་ལས་ཀ་བྱེད་རིང་། ཁོང་གིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་ཞབས་འདེགས་ཞུ་རྒྱུའི་འདུན་པ་དེ་བསྒྲུབས་ཐུབ་པ་བྱུང་ཞིང་། ནུབ་རྒྱུད་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་འཚོ་བ་སྐྱོ་བ་དང་། འཕེལ་རྒྱས་ཐད་རོགས་པ་བྱེད་མཁོ་བ། འཇོན་ཐང་ངོམས་སའི་གར་སྟེགས་ཆེན་པོ་ཞིག་ཡིན་པ་བཅས་ཚོར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དུ་སྦྱོང་བརྡར་བྱེད་སྐབས་ཁོང་གིས་ཞིང་ལས་པུའི་རྩྭ་ཐང་ལྟ་སྐུལ་ལྟེ་གནས་ཀྱི་བློ་མཐུན་དང་མཉམ་དུ་བོད་ཀྱི་མངའ་རིས་ས་ཁུལ་དུ་བསྐྱོད་ནས“མ་ཡུམ་གཙང་པོ་སྲུང་སྐྱོབ་བྱེད། ན་གཞོན་གྱི་མུའུ་ཁྲི་ཡི་དཔེ་སྟོན་རྩྭ་ཐང”ཞེས་པའི་བྱེད་སྒོ་སྤེལ་ཡོད། ཁོང་གིས་གནམ་གྲུ་ནས་མངའ་རིས་ལ་ལྟ་སྐབས་མེས་རྒྱལ་ས་གཞི་ཆེ་མོའི་ཐོག་ད་དུང་ཐག་རིང་ལ་རྗེས་ལུས་ཀྱི་ས་གནས་དེ་འདྲ་ཡོད་པ་ཤེས་འཕྲལ་སླར་ཡང་བོད་དུ་ཕྱིར་ལོག་བྱས་ཏེ་མེས་རྒྱལ་གྱི་དགོས་མཁོ་ཆེ་ས་དང་། དཀའ་ཚེགས་ཆེ་ཤོས། ཐག་རིང་ཤོས་བཅས་སུ་བསྐྱོད་ནས་རང་ཉིད་ཀྱི་གཞོན་ནུའི་ལང་ཚོ་ལེགས་སྐྱེས་འབུལ་རྒྱུའི་བློ་ཐག་བཅད།

    གངས་ལྗོངས་ས་མཐོར་བསྐྱོད་པའི་འདུན་པ་སྒྲུབ།

    ལིའུ་ཝུའེ་ཤིན་གྱིས་སྔ་རྗེས་སུ་བོད་དང་ཤིན་ཅང་དུ་རོགས་སྐྱོར་བྱེད་པར་སྐྱོད་རྒྱུའི་རེ་ཞུ་ཐེངས་མང་ཕུལ་ཡང་མི་སྣ་བཀོད་སྒྲིག་བྱས་ཚར་བ་དང་ལས་གནས་མི་འཚམ་པ་སོགས་རྒྱུ་རྐྱེན་དབང་གིས་བསྐྱོད་ཐུབ་མེད། 2017ལོའི་ཟླ་བརྒྱད་པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁག་བཅོ་བརྒྱད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་དང་བླངས་ཞབས་ཞུ་མེས་རྒྱལ་ནུབ་རྒྱུད་དུ་གཏོང་རྒྱུ་ཡིན་པ་ཤེས་སྐབས། ཁོང་གིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་སྤྱི་ཁྱབ་ཚོགས་པའི་ཏང་ཙུའུ་ལ་རེ་ཞུ་ཕུལ་བ་རེད།

    ན་ནིང་ཟླ་8ཚེས་29ཉིན་གྱི་མཚན་མོ་ཞིག་ལ་ཁོང་ལ་ཀྲུང་དབྱང་རྩ་འཛུགས་པུའི་ཤེས་ལྡན་མི་སྣའི་ལས་དོན་ཅུས་ཀྱི་ཁྲུའུ་དང་པོའི་འགན་འཁུར་བ་ཁྲུའུ་ཀྲང་ཞུས་ཤའོ་ཐའོ་ཡི་ཁ་པར་འབྱོར་ནས་དཀའ་ཚེགས་ཆེ་བའི་ས་གནས་སུ་སྐྱོད་འདོད་ཡོད་དམ་ཞེས་དྲིས། ཁོང་དགའ་ཐག་ཆོད་དེ“འགྲོ་གི་ཡིན། ང་བོད་དུ་འགྲོ་གི་ཡིན། ང་བོད་མ་གཏོགས་ས་ཆ་གཞན་ལ་འགྲོ་གི་མིན”ཞེས་བཤད། ཁྲུའུ་ཀྲང་ཞུས་ཤའོ་ཐའོ་ཡིས་ཀྱང་ཁ་པར་ནང་ནས་ཁོང་ལ“མེས་རྒྱལ་གྱི་དཀའ་ཚེགས་ཆེ་སར་བསྐྱོད་ནས་བྱས་རྗེས་འཇོག་རྒྱུ་དེ་ནི་གཟི་བརྗིད་རེད་ལ་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་རེད”ཅེས་པའི་སྐད་ཆ་དེ་ཁོང་གིས་ནམ་ཡང་བརྗེད་ཐབས་བྲལ།

    གངས་ལྗོངས་ས་མཐོར་གཞོན་ནུའི་ལང་ཚོ་ཕུལ།

    ན་ནིང་ཟླ་12ཚེས་26ཉིན་ནི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་བོད་དུ་བསྐྱོད་པའི་ཉིན་དང་པོ་རེད། བོད་དུ་སླེབས་མ་ཐག་པའི་མཚན་མོར་ཁོང་མགོ་ཡུར་འཁོར་བ་དང་སྐྱུག་ནས་མཚན་གང་གཉིད་ཁུག་ཐབས་བྲལ། ཐོ་རེངས་སུ་གཞི་ནས་གཟུགས་པོ་བདེ་རུ་ཕྱིན། ཁག་བཅོ་བརྒྱད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པར་དགའ་བསུ་ཞུ་བ་དང་གསོ་སྦྱོང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྩ་འཛུགས་སྡེ་ཚན་གྱི་འགོ་ཁྲིད་ཀྱིས“བོད་དུ་ས་བབ་མཐོ་པོ་ཡོད་པས་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་དེ་བས་མཐོ་པོ་ཡོད་དགོས། བོད་དུ་གསོ་རླུང་དཀོན་ཡང་ལས་ཀའི་ཚད་གཞི་དམའ་རུ་གཏོང་རྒྱུ་མེད། བོད་ཀྱི་ལྗོངས་བབ་དམིགས་བསལ་ཡིན་པས་ངེས་པར་དུ་བླང་བྱ་ནན་པོ་འདོན་པ་དང་དོ་དམ་ནན་པོ་བྱེད་པ་ལས་དམིགས་བསལ་བྱ་བ་སྒྲུབ་མི་རུང”ཞེས་པའི་འགོ་ཁྲིད་ཀྱི་མངགས་བཅོལ་དང་རེ་སྒུག་གི་བཀལ་མོལ་དེ་དག་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཚང་མའི་སེམས་སུ་བརྟན་པོར་ངེས་ནས་ཡོད།

    “ང་ཚོས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འདུན་པ་ཆུད་ཟོས་སུ་མི་གཏོང་བར་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དེ་བོད་ལ་ཞབས་འདེགས་ཞུ་མཁན་གྱི་ཚོགས་པ་ཞིག་ཏུ་གཉེར་རྒྱུ་ཡིན”ཞེས་བཤད་བྱུང་། ལིའུ་ཝུའེ་ཤིན་གྱིས་འབུམ་རམས་པའི་ཞབས་ཞུ་ཚོགས་པས་འཆད་ཁྲིད་ནང་དོན་20ཙམ་དང་བརྟག་ཞིབ་ནང་དོན་30ཙམ་བཟོས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་ལས་འགན་ལ་དམིགས་པ་དང་འབྲེལ། ཐབས་བརྒྱ་ཇུས་སྟོང་ངང་ནང་སའི་ཚན་པ་དང་རོགས་སྐྱོར་ཚན་པའི་དབར་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ། ལག་རྩལ། ཆ་འཕྲིན་བཅས་ཀྱི་འབྲེལ་ཟམ་བཙུགས་ཡོད་ཅེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།