[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་བྱས་པ།

    ལིའུ་ཅ་དབྱིས་ཚོགས་པའི་སྣེ་ཁྲིད་པ་དང་ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ།ཀྲོང་ཡན་བཅས་ཀྱིས་བརྟག་ཞིབ་ནང་ཕེབས་རོགས་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-08

    509129_yis_1525669834605.jpg

    ཟླ་5ཚེས་3ནས་5ཉིན་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་དབུལ་སྐྱོར་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་སླེའུ་ཀོག་གྲོང་ཚོར་ལིའུ་ཅ་དབྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཕེབས་རོགས་འོག་དུད་ཚང་དབུལ་པོ་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་སྐོར་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཟླ་5ཚེས་3ཉིན་ནས་ཚེས་5ཉིན་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་། ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ། ཧྲན་ཏུང་ཞིང་ཆེན་གྱི་སྲིད་གཞུང་དང་རང་སྐྱོང་ལྗོངས་སྲིད་གཞུང་དབར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་བཅས་གནང་ནས་འགོ་འཛུགས་ས་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཧྲན་ཏུང་དང་བོད་ལྗོངས་ཁྱིམ་མི་གཅིག་ལྟར་བརྩེ་བའི་ལེའུ་གསར་པ་བརྩམས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་སོགས་ཀྱིས་བརྟག་ཞིབ་བམ་ཡང་ན་མཉམ་འབྲེལ་ཚོགས་འདུར་ལྷན་དུ་ཕེབས་པ་རེད།

    ཚེས་3ཉིན་གྱི་ཕྱི་དྲོ་འཐུས་མི་ཚོགས་པ་དང་བཅས་པ་ཁ་གཏད་རོགས་སྐྱོར་བྱ་ཡུལ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་གནམ་གྲུ་ལས་བབས་གནང་མ་ཐག་གཞིས་རྩེའི་མཐོ་རིམ་སློབ་འབྲིང་དང་པོར་ཕེབས་ནས་ཧྲན་ཏུང་གི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་བོད་སྐྱོར་དགེ་རྒན་དང་སྤེལ་རེས་ཟབ་མོ་གནང་བ་རེད། དེ་རྗེས་པ་སྣམ་རྫོང་དུ་ཕེབས་ནས་ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་སྔོ་ཚལ་དཔེ་སྟོན་གླིང་དང་སྐྱེ་ལྡན་ཞིང་ལས་ཐོན་ལས་གླིང་དུ་བརྟག་ཞིབ་གནང་སྐབས་བོད་རིགས་སྤུན་ཟླས་རོགས་སྐྲུན་མི་སྣའི་རོགས་རམ་འོག་སྔོན་ཐོན་གྱི་དྲོད་ཁང་ཆེ་མོའི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས་ལས་ཞུགས་བརྟན་པོ་དང་དབུལ་སྒྲོལ་འབབ་འཕར་བྱུང་བ་གཟིགས་སྐབས་ལིའུ་ཅ་དབྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་དང་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད་པས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་སེམས་ལ་བརྟན་པོ་ངེས་ཏེ་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲངས་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་དྲན་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ཏང་གི་བཀའ་དྲིན་དྲན་པ་བཅས་བྱེད་དགོས་ཞེས་དགྱེས་ཚོར་ཆེན་པོས་གསུངས།

    ཚེས་4ཉིན་འཐུས་མི་ཚོགས་པ་སྔ་རྗེས་སུ་རྣམ་གླིང་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ནས་ཧྲན་ཏུང་དང་བོད་ཀྱི་གྲོང་ཚོ་བརྒྱའི་སྣོད་བཅུད་ཁྱིམ་གཞིས་ལས་གྲྭ་དང་། ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ། མུའུ་ཁྲིའི་འོད་ཤུགས་སྣོད་བཅུད་ཞིང་ལས་དབུལ་སྐྱོར་དཔེ་སྟོན་གླིང་བཅས་སུ་ཕེབས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་། དཔལ་འབྱོར་གྱི་ཕན་འབྲས། ལས་ཞུགས་སྣེ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་བོད་རིགས་ཀྱི་དུད་ཚང་དབུལ་པོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ཚེས་5ཉིན་འཚོགས་པའི་ཧྲན་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ལིའུ་ཅ་དབྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བོད་དུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ནི་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པས་ང་ཚོས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང་དམ་འཛིན་ཡག་པོ་བྱས་ཚེ་ལས་དོན་ཁག་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ངེས་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་སྐྱོར་གྱི་ལས་འགན་ཁག་གཅིག་ཧྲན་ཏུང་ལ་རྩིས་སྤྲད་གནང་བ་དེ་ནི་ཧྲན་ཏུང་ལ་ཡིད་ཆེས་གང་ལེགས་གནང་བ་ཞིག་རེད་ལ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་། གཟི་བརྗིད་ཆེ་བའི་ལས་འགན། འགན་འཁྲི་འགངས་ཆེན་བཅས་ཀྱང་ཡིན། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”དེ་བས་བརྟན་པོ་བཙུགས་ཏེ་ཁ་གཏད་བོད་སྐྱོར་བྱ་རྒྱུ་དེ་ཧྲན་ཏུང་གི་རང་འཁྲིའི་ལས་དོན་དང་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས། ང་ཚོས་ངེས་པར་དུ་གཙོ་གནད་དང་དཀའ་གནད་ལ་ནུས་ཤུགས་ཡོད་རྒུས་དམིགས་ཏེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དེ་བས་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་། བདེ་ཐང་། རིག་གནས་ཡུལ་སྐོར། ཐོན་ལས། སྣོད་བཅུད། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཧྲན་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་ཚོགས་འདུའི་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུབ་ཏེ། ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ལས་ཀར་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ཧྲན་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཝུའུ་དབྱིང་ཅེས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་དམངས་འཚོར་ཕན་འདོགས་པ་དང་། དབུལ་སྒྲོལ་འགག་སྒྲོལ། བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བརྒྱབ་ནས་བོད་སྐྱོར་ལས་དོན་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཁ་གཏད་བོད་སྐྱོར་གྱི་འདུ་ཤེས་གསར་ལ་ལས་དོན་སྤེལ་ཤུགས་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། རྣམ་གྲངས་མང་བ། བྱེད་ཐབས་ཏན་ཏིག ཕན་འབྲས་ཡག་པ་བཅས་རེད། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡོད། ང་ཚོས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་རྣམ་འགྱུར་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། ང་ཚོས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དེ་གོ་སྐབས་སུ་བྱས་ནས་རོགས་སྐྱོར་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཧྲན་ཏུང་གིས་རོགས་སྐྱོར་གནང་བའི་མ་དངུལ་ཁག་བེད་སྤྱོད་ཡག་པོ་དང་རྣམ་གྲངས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། བོད་སྐྱོར་ལས་བྱེད་པར་སེམས་ཁུར་ཡག་པོ་དང་། བཀོལ་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱས་ནས་བོད་སྐྱོར་ལས་དོན་ཁྲོད་ལྷག་པའི་དཀའ་ངལ་དང་གནད་དོན་ཁག་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་ཁ་གཏད་བོད་སྐྱོར་ལས་ཀར་ཆ་རྐྱེན་བཟང་པོ་སྐྲུན་དགོས། ཧྲན་ཏུང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དཔེ་དབྱིབས་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་བོད་དང་ཧྲན་ཏུང་གཉིས་ཕན་མཉམ་ལས་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་། ནུས་རྒྱུ་གཙང་མ་བསྡུ་ལེན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    མཉམ་འབྲེལ་ཚོགས་འདུ་གྲོལ་རྗེས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་འགོ་ཁྲིད་ཀྱི་ཐུན་མོང་གི་བདེན་དཔང་འོག་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་དུས་རབས་གསར་པའི་ཧྲན་ཏུང་དང་བོད་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་རེད།

    བརྟག་ཞིབ་གནང་རིང་ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།