[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • དུས་ཡུན་རིང་པོའི་བོད་སྐྱོར་ལས་དོན་ནང་། ཧུའུ་ནན་བོད་ལྗོངས་དབར་གྱི་བརྩེ་བ་ཟབ།

    —— ཧུའུ་ནན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཧུའུ་ནན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ལོ་གཉིས་རིང་དཀའ་ངལ་ཁྱད་དུ་བསད་དེ་ཁོར་ཡུག་དང་འཕྲོད་ཐབས་བྱེད་པ་དང་། མཉམ་འདྲེས་དམ་ཟབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། ལྷད་མེད་བརྩེ་བ་བཅངས་ནས་ལྷོ་ཁའི་མི་དམངས་དང་སྤེལ་རེས་མཉམ་འདྲེས་བྱེད་པ། བྱ་སྤྱོད་ངོ་མའི་ཐོག་ནས་ལྷོ་ཁ་འཕེལ་རྒྱས་ཆེན་པོ་དང་མྱུར་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཧུའུ་ནན་དང་བོད་ལྗོངས་དབར་གྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་རེད།

    དམངས་འཚོར་དོ་ཁུར་གྱིས་སྤྱི་ཚོགས་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་བ།

    དབུལ་སྒྲོལ་འགག་སྒྲོལ་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ལས་དོན་སྤེལ་འགོ་ཚུགས་ཚུན་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བོད་སྐྱོར་ལས་དོན་རུ་མིས་དུད་ཚང་དབུལ་པོ་རེ་རེའམ་ཡང་ན་དུད་ཚང་དབུལ་པོ་མང་པོ་དང་འབྲེལ་བ་བྱས་ནས་ཁྱིམ་ཚང་དབུལ་པོ་དབུལ་སྒྲོལ་གྱིས“དབུལ་ཞྭ”ཕུད་ཐུབ་པ་བྱས་ཡོད་པ་རེད།

    དབུལ་སྐྱོར་ཐུབ་པར་སྔོན་ལ་བློ་སྐྱོར་བྱས་ནས་སྔོན་ལ་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧུའུ་ནན་ཞིང་ཆེན་གྱིས་སློབ་གསོའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.79གཏོང་རྩིས་ཡོད་པ་དེས་བོད་སྐྱོར་མ་དངུལ་གྱི་སྤྱིའི་གཞི་ཁྱོན་བསྡུར་ཚད་ཀྱི་28.5%བཟུང་ཡོད་པ་དང་། ནང་སའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་གསོ་སྦྱོང་ཚབ་གཉེར་འཛིན་གྲྭ་དང་། ཁ་གཏད་རོགས་སྐྱོར་གྱི་རྫོང་4ཡི་ཆ་ཚང་སློབ་ཆུང་གི་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས། ཞིང་འབྲོག་པའི་བུ་ཕྲུག་600ཙམ་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

    སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧུའུ་ནན་ཞིང་ཆེན་གྱིས་སྨན་བཅོས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.14བཀོད་སྒྲིག་བྱ་རྩིས་ཡོད་པ་དེས་བོད་སྐྱོར་མ་དངུལ་བསྡོམས་འབོར་གྱི་བསྡུར་ཚད་ཀྱི་18.25%བཟུང་ཡོད་པ་རེད། ལོ་གཉིས་རིང་། ཧུའུ་ནན་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལ་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་གི་ཞིབ་དཔྱད་ཐོབ་རྒྱུར་རོགས་རམ་བྱས་པ་དང་སྦྲགས། ལྷུན་རྩེ་རྫོང་དང་གྲ་ནང་རྫོང་མི་དམངས་སྨན་ཁང་གཉིས“ཀ་པ་རིམ་པ་གཉིས་པའི”སྨན་ཁང་ལེགས་གྲུབ་ལྡན་པའི་ངང་གཏོད་རྒྱུར་འདེགས་སྐྱོར་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་རོགས་རམ་འོག་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ལག་རྩལ་ཁག་36གསར་གཏོད་བྱས་ཡོད་པ་རེད།

    རིག་གནས་བྱ་གཞག་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ཆེད་དངུལ་སྒོར་ཁྲི་1000བརྩོན་ལེན་བྱས་ནས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་གནས་རྙིང་ཆོས་སྡེ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་བདུན་ཕུད་ཆོས་འཁོར་སྲུང་སྐྱོང་བྱ་རྒྱུར་སྤྱད་ཡོད་པ་རེད། རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་1.1བརྩོན་ལེན་བྱས་ནས་བོད་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཞོལ་པ་གྲོང་ཚོ་ནས་དྭགས་པོ་གྲོང་ཚོ་བར་གྱི་ཡུལ་སྐོར་གཞུང་ལམ་བསྐྲུན་ཡོད་པ་རེད།

    ཐོན་ལས་བོད་སྐྱོར་གྱིས་དཔལ་འབྱོར་གོང་འཕེལ་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    དཔལ་འབྱོར་གོང་འཕེལ་གཏོང་བར་ཐོན་ལས་ནི་འགག་རྩ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧུའུ་ནན་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་2620བཀོད་སྒྲིག་བྱས་ནས་བོད་སྐྱོར་ཐོན་ལས་གླིང་བསྐྲུན་རྒྱུར་སྤྱད་དེ། ཁ་གཏད་རོགས་སྐྱོར་རྫོང་ལ“གཞན་ཁོངས་རང་སའི་དཔལ་འབྱོར”འཕེལ་རྒྱས་ཀྱི་ལས་སྟེགས་གཏོད་རྒྱུ་ཡིན་པ་རེད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིང་འབྲོག་ཐོན་ལས་དང་། འོད་ཤུགས་ཐོན་ལས། གསར་དར་བཟོ་ལས། ཐོན་ལས་གསུམ་པ་བཅས་ལ་དམིགས་པ་དང་འབྲེལ་ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་བཏང་ཡོད་པ་རེད། ཞིང་འབྲོག་ཐོན་ལས་ལ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་6ལྷག་ཙམ་བཏང་པའི་ཅང་ཕིང་སྐྱེ་དངོས་དང་ཀྲུང་ཁོའོ་ཅན་འཛུགས་སྐྲུན་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ཁེ་ལས་6གི་རྣམ་གྲངས་9ནང་འདྲེན་བྱས་པ་དང་། ལྷུན་རྩེ་རྫོང་དུ་ཐོན་ལས་རྣམ་གྲངས་8ལག་ལེན་བསྟར་ནས་ཚད་གཞི་མཐོ་བའི་ཤིང་འབྲས་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་108གསར་དུ་བསྐྲུན་ཅིང་། ལྷུན་རྩེ་རྫོང་གིས་སྐྱེ་ལྡན་སྔོ་ཚལ་གཞི་ཁྱོན་ཅན་གྱི་སྒོ་ནས་འདེབས་པའི་སྲོལ་བཏོད་ཡོད་པ་རེད། འོད་ཤུགས་ཐོན་ལས་ལ། པེ་ཅིང་ཀྲུང་ཕུའུ་ཡོན་ཀུང་སིའི་མ་འཇོག་སྒོར་དུང་ཕྱུར་1.8ནང་འདྲེན་བྱས་ནས་ཀྲའོ་ཝ་20ཡི་འོད་ཤུགས་གློག་ཁང་བསྐྲུན་ནས་དྲ་སྦྲེལ་གློག་གཏོང་ཐུབ་པར་ཡོད་པ་རེད།

    ཤེས་ལྡན་པའི་བློ་རིག་རྒྱབ་སྐྱོར་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ལོ་གཉིས་རིང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་སྣེ་ཁྲིད་ཤེས་ལྡན་པ་དང་། ཞིང་འབྲོག་པའི་རྩལ་ནུས། གཞུང་ལས་པའི་འཇོན་ཐང་ཆེར་གཏོང་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུར་མཐུན་སྦྱོར་བྱས་པ་དང་། ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཧུའུ་ནན་ཞིང་ཨུད་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་མཐུན་སྦྱོར་བཀོད་སྒྲིག་བྱས་ནས། ལག་རྩལ་རྐང་འཛིན་པ་དང་ལས་བྱེད་ཤེས་ལྡན་པ་མི་ཐེངས་3876གསོ་སྐྱོང་བྱས་པ་དང་འབྲེལ་གནས་དེ་གའི་ཤེས་ལྡན་པ་མི་ཐེངས་1400ལ“བརྒྱུད་རོགས་ཁྲིད་གསུམ”བྱས་ཡོད་པ་རེད།

    གསར་གཏོད་ལ་མཐོང་ཆེན་གྱིས་བོད་སྐྱོར་བྱ་ཐབས་གསར་པ་བཏོད་པ།

    གསར་གཏོད་བྱ་རྒྱུ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་ཞིང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་གསར་གཏོད་ཤུགས་ཆེན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

    སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཐད“སློབ་འབྲེལ་བྱ་ཐབས”ཆགས་པར་བྱས་ཤིང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་མཐུན་སྦྱོར་འོག་ཁྲང་ཧྲ་སློབ་འབྲིང་དང་པོས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་ཆ་སྒྲིག་རོགས་སྐྱོར་བྱས་ནས། དགེ་སློབ་དབར“གཅིག་གཏད་གཅིག”གི་ཆ་སྒྲིག་བྱ་ཐབས་བཏོད་ཡོད་པ་རེད། སློབ་གསོའི་ཐད་མི་སྣ་ཕན་ཚུན་མངགས་གཏོང་བྱས་པ་དང་། ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོས་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་པ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་དུས་ཐུང་བོད་སྐྱོར་བྱེད་པར་མངགས་པ་དང་། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་སློབ་དུས་རེར་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོར་ལས་བྲལ་སློབ་སྦྱོང་བྱེད་པར་མངགས་ཡོད་པ་རེད། དེ་དང་དུས་མཚུངས། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་གྲགས་ཅན་དགེ་རྒན་གྱི་གླེང་སྟེགས་བཀོད་སྒྲིག་བྱས་ནས། ཧུའུ་ནན་ཞིང་ཆེན་གྱི་གྲགས་ཅན་དགེ་རྒན་བོད་དུ་ལས་སྒོར་མཛུབ་ཁྲིད་དང་རིག་གཞུང་སྤེལ་རེས་བྱེད་པར་གདན་དྲངས་པ་རེད། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་ཁག་གཅིག་དང་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་མའི་དང་བླངས་པ་ཆ་སྒྲིག་རྒྱུ་སྒྲིག་འཛུགས་བྱས་ནས་སློབ་མ་ཕན་ཚུན་སྤེལ་རེས་བྱེད་པའི་ལམ་སྲོལ་བཏོད་ཡོད་པ་རེད།

    སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཐད“1333”ལས་ཀའི་བྱ་ཐབས་བཏོད་ཅིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཀ་པ་རིམ་པ་གསུམ་པའི་མི་རིགས་སྨན་ཁང་གཏོད་རྒྱུར་རོགས་རམ་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཞབས་ཞུའི་ནུས་པ་དང་། དོ་དམ་ནུས་པ། རིག་ཚན་ནུས་པ་བཅས་ཆེ་རུ་གཏོང་རོགས་བྱས་ཡོད། རོགས་སྐྱོར་གསུམ་སྟེ། ཞིང་ཆེན་གྱིས་སྨན་རྩིས་ཁང་ལ་རོགས་སྐྱོར(ཧུའུ་ནན་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལ་རོགས་སྐྱོར)བྱེད་པ་དང་། སྨན་ཁང་གིས་ཚན་ཁག་ལ་རོགས་སྐྱོར(ཧུའུ་ནན་ཞིང་ཆེན་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གིས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཚན་ཁག་ལ་རོགས་སྐྱོར)བྱེད་པ། བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣས“དགེ་ཕྲུག་ཁྲིད་པ”བཅས་ཀྱི་ལས་དོན་སྤེལ་བ་དང་། ཟུང་འབྲེལ་གསུམ་སྟེ། བོད་ལུགས་གསོ་རིག་དང་། ཀྲུང་ལུགས་གསོ་རིག ཕྱི་ལུགས་གསོ་རིག་བཅས་ཟུང་འབྲེལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།