[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་པ།

    —— སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-16

    2017ལོའི་ཟླ་12ཚེས་18ཉིན་བོད་ཀྱི་གློ་ཡུའི་ཡན་ལག་གི་ནད་པ་ཐོག་མར་ནང་ཤེལ་བྲང་ཁོག་གི་བརྟག་དཔྱད་བྱས་པ་དེས་བོད་ཀྱི་རིག་ཚན་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཐུབ་པ་བྱུང་ཡོད།

    2018ལོའི་གནམ་ལོ་གསར་ཚེས་ཉིན་ཟླ་བ་མ་ཚང་བར་སྐྱེས་པའི་བྱམས་པའི་ལུས་པོའི་ལྗིད་ཚད་ཁེ་2000ཙམ་ཟིན་པ་དེ་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་ཕྲུ་གུ་དམར་འབྱར་གྱི་ལུས་པོའི་ལྗིད་ཚད་ཤིན་ཏུ་དམའ་བ་སྐྱོབ་བཅོས་ཀྱི་ཆུ་ཚད་རྒྱལ་ནང་གི་རྩེར་སོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད།

    གསོ་རིག་གི་སྟོང་ཆ་ཡང་ནས་ཡང་དུ་གསབ་པ་དང་། སྨན་བཅོས་ཀྱི་ཟིན་ཐོ་གསར་པ་མང་པོ་བཏོད་པ། “འཚོ་གནས་དཀའ་བའི་ཁུལ”དུ་བདེ་ཐང་ཡོང་བའི་ངོ་མཚར་གཅིས་རྗེས་གཉིས་མཐུད་ངང་བཏོད་ཡོད། ལོ་གསུམ་རིང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གཏིང་ཟབ་བྱས་པ་བརྒྱུད་བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཐག་གཅོད་བྱུང་བ་དང་། བོད་ཀྱི་མི་རབས་འགས་སྒྲུབ་བསམ་ཡང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་བསྒྲུབས་ཐུབ་པ་བྱུང་བས་མི་རིགས་ཁག་གི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།

    ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་ནང་སའི་སྨན་བཅོས་རྐང་འཛིན་པ་620གསོ་སྐྱོང་བྱས་པ་དང“1+7”སྨན་ཁང་གིས་སྨན་དོན་པ་1121གདན་དྲངས་པ་དེས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་མ་བྱས་གོང་གི་ལོ་ཉི་ཤུའི་རིང་གདན་དྲངས་པའི་ཤེས་ལྡན་པའི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།

    སྨན་བཅོས་ཞབས་ཞུའི་ནུས་པ་ཆེར་གཏོང་ཐད“1+7”སྨན་ཁང་གིས་རིམ་པ་གསུམ་པ་དང་བཞི་པའི་གཤག་བཅོས་ཐེངས་12000ལྷག་ཙམ་བྱས་པ་དང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་90.88%ཟིན་པ་དེ་2014ལོ་ལས་21.52%མཐོ་རུ་སོང་བ་དང་། ཐུམ་འབུའི་ནད་རིན་མེད་སྨན་བཅོས་3000ཙམ་བྱས་པ། སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་། སྨན་ཁང་དུ་སྡོད་ཚད། གཤག་བཅོས་བྱེད་ཚད་བཅས་2014ལོ་ལས་17.34%དང་། 62.59% 62.59%བཅས་སོ་སོར་མང་དུ་སོང་བ། ནད་པ་བློ་ཡིད་ཚིམས་ཚད་2014ལོའི་89%ནས་97.15%བར་མཐོ་རུ་ཕྱིན་ཡོད་པ་རེད།

    སྨན་བཅོས་དོ་དམ་ཐད“1+7”སྨན་ཁང་གིས་སྨན་བཅོས་བདེ་བླག་བྱུང་ཚད་དང་ནོར་དོན་མ་རྩ་དོ་དམ་སོགས་ལམ་ལུགས་4600ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་སྟེ་ལས་སྒོ་242བཟང་སྒྲིག་དང་བསྐྱར་བཏོད་བྱས་པས་དེང་རབས་ཅན་གྱི་སྨན་ཁང་དོ་དམ་ལམ་ལུགས་དང་མ་ལག་རིམ་པས་ཆགས་ཡོད།

    རིམ་ལྡན་སྨན་ཁང་གཏོད་རྒྱུའི་ཐད་2016ལོར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པར”བཏོད་དེ་རྒྱལ་ཡོངས་ཀྱི་ས་གནས་རིམ་པའི་སྨན་ཁང་མཐའ་མཇུག་འདིར་རིམ་པ་དབྱེ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2017ལོར་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”བཏོད་ཡོད་པ། 2018ལོའི་ཟླ་7པར་ལྷོ་ཁ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”བཏོད་ཡོད་པ། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ལོ་འདིའི་ནང“ཀ་པ་རིམ་པ་གསུམ་པར”བཏོད་དེ་ལྗོངས་ནང་ཁུལ་དུ་ལོ་ཉི་ཤུ་ཙམ་རིང་ས་གནས་ཀྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་གཅིག་ལས་མེད་པའི་ལོ་རྒྱུས་མཇུག་འགྲིལ་འཆར་གཞི་ཡོད་པ། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལོ་འདིའི་ནང“ཁ་པ་རིམ་པ་གསུམ་པར”གཏོད་རྒྱུའི་འཆར་གཞི་ཡོད་པ། རིམ་ལྡན་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དེས“1+7”སྨན་ཁང་གི་ཕྱོགས་བསྡུས་དངོས་ཤུགས་དང་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་པ་མཚོན་ཡོད།

    “གཅོག་པ་གཉིས་དང་མཐོར་གཏོང་གཅིག་མི་ཐོན་པ་གསུམ”གྱི་ཐད་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ཆུ་ཚད་ལ་བསྡུར་ཞིབ་བྱེད་པའི་ཕྲུ་གུ་དམར་འབྱར་ཤི་ཚད་དང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་ཤི་ཚད། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་བཅས་དམིགས་ཚད་ཆེན་པོ་གསུམ་2014ལོ་ལས་སོ་སོར་6.43‰དང་6.86/ཁྲི་10ཆག་ནས་8.47%མཐོ་རུ་སོང་བ། ནད་ཆེན་རིགས་332རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། ནད་འབྲིང་རིགས་1914གྲོང་ཁྱེར་དང་ས་ཁུལ་དུ་སྨན་བཅོས་ཐུབ་པ། རྒྱུན་མཐོང་གི་ནད་ཆུང་ཁག་གཅིག་རྫོང་དང་ཆུས་ནས་དུས་ཐོག་ཏུ་སྨན་བཅོས་ཐུབ་ཡོད།

    པེ་ཅིང་དུ་འགྲོ་མི་དགོས་པར་བོད་དུ་པེ་ཅིང་ཞེ་ཧོ་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཇུས་གཞི་རག་ནས་ག་དུས་ཡིན་རུང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་རྩེར་སོན་ལོངས་སུ་སྤྱོད་རྒྱུ་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཝུན་མིང་གིས“ད་ཆ་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་སོང་ནས་རིག་ཚན་ལ་ལ་རྒྱལ་ནང་གི་ཆུ་ཚད་དུ་སླེབས་ཡོད། ད་ཆ་བོད་དུ་ཞིང་འབྲོག་མང་ཚོགས་ཚོ་སྒོ་འགྲམ་ནས་ནད་བསྟེན་ཐུབ་པ་དང་སྨན་བཅོས་ཐུབ་པ་དེ་དོན་དངོས་སུ་གྱུར་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་ཐང་ངང་འཚོ་བ་སྐྱེལ་ཐུབ་པའི་གོ་སྐབས་ཡག་ཤོས་དེ་བྱུང་ཡོད”ཅེས་བརྗོད།

    ལོ་གསུམ་རིང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད་ཆབ་སྲིད་ཀྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་ནུས་ཡག་པོ་ཐོན་ཡོད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཀུའོ་ཆང་གིས“སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དེ་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་དམངས་སེམས་གཅིག་ཏུ་འགྲིལ་བའི་དམངས་འཚོའི་འདུ་འགོད་ཅིག་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འདུ་འགོད་ཅིག་ཏུ་གྱུར་ཡོད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།