[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • 2019ལོའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་གིས་བོད་ཀྱི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-22

    ཚེས་19ཉིན་ལྷ་སར་2019ལོའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་གིས་བོད་ཀྱི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་གིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཕེབས་པ་རེད།

    ཆེ་དགྲ་ལྷས་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། ཀྲུང་དབྱང་དམག་ཨུད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། དེ་བཞིན་ཁ་གཏད་རོགས་སྐྱོར་སྨན་ཁང་གིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། རྗེས་ལུས་ནས་ཡར་ཐོན་བཅས་བྱུང་བ་དང་ལྷག་དོན་དུ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་60ཡི་རིང་ལོ་35.5ནས་ལོ་70.6བར་རིང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་སྟབས་བདེ་པོས་ནད་བསྟེན་པ་དང་ནད་ཡག་པོ་བསྟེན་ཐུབ་པས་མི་དམངས་མང་ཚོཌ་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

    དེ་དག་ཐམས་ཅད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐུགས་ཁུར་བྱམས་སྐྱོང་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་རྒྱལ་ཁབ་པུའུ་ཨུད་དང་རོགས་སྐྱོར་ཚན་པ་ཁག་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད་ལ། ཁ་གཏད་རོགས་སྐྱོར་སྨན་ཁང་དང་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་སྒེར་སེམས་མེད་པའི་ལེགས་སྐྱེས་དང་ཡང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་དང་། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཁ་གཏད་རོགས་སྐྱོར་སྨན་ཁང་གིས་མུ་མཐུད་སྨན་བཅོས་ཤེས་ལྡན་པ་དང་། མ་དངུལ་གྱི་རོགས་སྐྱོར། ལག་རྩལ་སྒྲིག་བཀོད་སོགས་ལ་རོགས་རམ་སྔར་བས་ཆེ་བ་བྱས་ཏེ་བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཞུ། རང་ལྗོངས་ཀྱིས་བོད་སྐྱོར་གྱི་ལེགས་ཆ་ཆེན་པོར་གང་ལེགས་བརྟེན་ནས་བསམ་བློ་སློབ་སྦྱོང་དང་། དོ་དམ་སློབ་སྦྱོང་། རྩལ་ནུས་སློབ་སྦྱོང་བཅས་བྱས་ཐོག་བདེ་ཐང་ལྡན་པའི་བོད་ལྗོངས་བསྐྲུན་པར་མུ་མཐུད་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་མཛེས་རིས་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་འབྲི་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝང་ཧོ་ཧྲེང་གིས། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་བླང་བྱར་དམ་པོར་དམིགས་ཏེ་རོགས་སྐྱོར་སྟོབས་ཤུགས་གཅིག་སྒྲིལ་དང་། ཚོགས་སྒྲིག་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་ཀྱིས་གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཡོད་པ་མངོན་འགྱུར་དང་བདེ་ཐང་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་ཆེད། འགྱུར་མེད་སྟོབས་ལྡན་གྱི་འགན་སྲུང་བྱེད་དགོས་པ་དང་། འགག་རྩ་ཡིན་པའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་གྱིས“རང་བརྟེན་རྣམ་པའི”རོགས་སྐྱོར་ཤུགས་ཆེན་བྱས་ཏེ“ཚོགས་པས་ཚོགས་པ་སྐྱོང་བ”དང“རིཌ་གཅིག་མཁས་ཅན་གྱིས་རྐང་འཛིན་པ་སྐྱོང་བ” “དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བ”བཅས་ཀྱི་ལམ་སྲོལ་མུ་མཐུད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“གནས་ཐུབ་པ་དང་གཞིས་ཆགས་ཐུབ་པའི”ས་གནས་འདི་གའི་སྨན་བཅོས་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ཐོག་གཞི་རྟེན་ཡིན་པའི་ཚོགས་སྒྲིག་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།