[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧོ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ།

    ཞུས་ཆིན་གྱིས་འཐུས་མི་ཚོགས་པ་སྣེ་ཁྲིད་གནང་བ་དང་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་རྟོག་ཞིབ་གནང་སྐབས་ཕེབས་རོགས་ཞུས་པ་དང་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    ཟླ་8ཚེས་17ཉིན་ནས་ཚེས་19ཉིན་བར། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཞུས་ཆིན་གྱིས་སྣེ་ཁྲིད་གནང་བའི་ཧོ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་གཟིགས་པ་དང་འབྲེལ་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལ་མཉམ་དུ་གྲོས་བསྡུར་ཡང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་རྟོག་ཞིབ་གནང་སྐབས་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།

    ཚེས་17ཉིན་གྱི་ཕྱི་དྲོ། ཧོ་པེ་དང་བོད་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཞུས་ཆིན་གྱིས་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥུང་དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་བཅས་དང་དེ་བཞིན་ཧོ་པེ་མི་དམངས་ཁྲི་7500ལྷག་ཙམ་བཅས་ཀྱི་ཚབ་ཞུས་ཏེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་མ་ཟད། རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧོ་པེར་རྒྱབ་སྐྱོར་རོགས་རམ་དང་ཧོ་པེའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་ཐུགས་ཁུར་གཅེས་སྐྱོང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཞུས་ཆིན་གྱིས་ཧོ་པེ་དང་བོད་ས་ཐག་རིང་ཡང་། ཕན་ཚུན་དབར་བརྩེ་སེམས་ཟབ་པ་དང་ཞིང་ལྗོངས་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་དུ་སྦྲེལ་ཡོད། ཧོ་པེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ“འདུ་ཤེས་བཞི”ལག་ལེན་དང“སྲུང་སྐྱོང་གཉིས”ཐུབ་པའི་ཞིབ་བཤེར་དངོས་ལ་བརྩིས་པ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བརྩེ་སེམས་ཟབ་མོས་བོད་སྐྱོར་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྐྱོར། མུ་མཐུད་བོད་སྐྱོར་བཅས་བྱས་ནས་ཐོན་ལས་དབུལ་སྐྱོར་དང་། སློབ་གསོ་དང་སྨན་བཅོས་ཐད་ནས་རོགས་རམ། འགན་ལེན་སྡོད་ཁང་འཛུགས་སྐྲུན་སོགས་རོགས་སྐྲུན་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱས་ཏེ་བོད་སྐྱོར་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཡོད་ཅེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། ཧོ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་མཛུབ་ཁྲིད་ལས་དོན་སྤེལ་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཧོ་པེ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཝུའུ་དབྱིང་ཅེས་བོད་ཀྱི་འཕེལ་རྒྱས་ལ་ཧོ་པེ་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་རམ་བྱས་ཡོད། ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུན། ཧོ་པེ་ཞིང་ཆེན་གྱིས་ཤེས་ལྡན་མི་སྣ་དང་། ལག་རྩལ། མ་རྩ་སོགས་ནས་བོད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བརྟེན། མངའ་རིས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་ཐུབ་པ་བཅས་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། ཧོ་པེའི་བུ་ཕྲུག་ཚོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་མངོན་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ལ། ཧོ་པེ་ཞིང་ཆེན་ཚུད་པའི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཡང་ཁ་འབྲལ་ཐབས་མེད། ཧོ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བོད་ལ་རྒྱབ་སྐྱོར་དེ་བས་མང་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བོད་དུ་བརྟག་ཞིབ་གནང་རིང་། ཧོ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ཆེད་མངགས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱས་པ་དང་འབྲེལ། མངའ་རིས་ས་ཁུལ་དུ་བསྐྱོད་དེ་རུ་ཐོག་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་དང་སེང་གེ་ཁ་འབབ་སྟོད་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་འཆར་འགོད་བཟོ་ཚུལ་ཤེས་རྟོགས་བྱས་པ་མ་ཟད། མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་དང་བོད་སྐྱོར་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།