[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁྱིམ་ཚང་ཡོད་པ་དང་། ལས་ཞུགས་ཐུབ་པ། བདེ་སྐྱིད་ལྡན་པ།

    —— རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་ཀའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ནི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པ་ཞིག་ཀྱང་ཡིན་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལས་འགན་གྱི་གཙོ་གནད་ཅིག་དེ་བས་ཀྱང་ཡིན།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཁག་གཅིག་རེ་ལྔར”སྤྱི་འདོམས་སྐུལ་འདེད་གཏོང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་ལོ་3གྱི་དུས་ཚོད་སྤྱད་དེ་རང་ལྗོངས་ཀྱི“ཡུལ་ཕྱོགས་ཤིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དང་། ལོ་2ཀྱི་དུས་ཚོད(2019ལོ་དང་2020ལོ)སྤྱད་དེ་སྲ་བརྟན་གཏོང་རྒྱུའི་གཏན་འཁེལ་བྱས་པ་དང་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་མ་དངུལ་བསྡོམས་སྒོར་དུང་ཕྱུར་172.4བཏང་ནས་བཀོད་སྒྲིག་སྡོད་ཁང་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། ས་ཆ་བཅོས་སྒྲིག གནས་སྤོས་ཁུལ་གྱི་སྣོད་བཅུད་སླར་གསོ་སོགས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་རེད།

    མངའ་རིས་ས་ཁུལ་སྒར་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱེད་པའི་སྔོན་འགྲོའི་འོག་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་སོགས་རྫོང་གི“ཡུལ་ཕྱོགས་ཤིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ས་ཁོངས་ཀྱི་གནས་སྤོས་མང་ཚོགས་དབུལ་པོ་དུད་ཚང་500ཡི་མི་གྲངས་2061སེང་གེ་ཁ་འབབ་གྲོང་རྡལ་དུ་སྤོས་པ་རེད།

    སྒར་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་7300བཏང་ནས་དབུལ་སྐྱོར་གསོལ་མགྲོན་ཁང་གི་ཕྱོགས་བསྡུས་ཐོག་བརྩེགས་ཁང་པ་སྨི་ངོས་གྲུ་ཁྲི་1.75བསྐྲུན་པར་སྔོན་དཔག་ལྟར་ན་ལོར་ཡོང་འབབ་སྒོར་ཁྲི་800རག་རྒྱུ་དང་། གཉེར་སྐྱོང་མ་གནས་ཕུད“ཁམས་བདེ་ཁང་གསར”གྱི་དུད་ཚང་500ཡི་འབྲོག་པ་དབུལ་པོ་དུད་ཚང་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་ཁྲི་1.2ཡོང་རྒྱུ་རེད། ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི་4400བཏང་ནས་བཀོད་སྒྲིག་ཁུལ་དུ་ཚོང་ཁང་སྨི་ངོས་གྲུ་ཁྲི་1.1ལྷག་ཙམ་བསྐྲུན་པར་སྔོན་དཔག་ལྟར་ན་ལོ་རེར་ཁང་གླ་སྒོར་ཁྲི་158རག་རྒྱུ་དང་། ཁང་གླའི་ཡོང་འབབ་ཚང་མ་གནས་སྤོས་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ཐད་སྤྱོད་རྒྱུ་རེད། ལས་ཞུགས་གཞན་སྒྱུར་ལག་བསྟར་ཤུགས་ཆེན་བྱས་ནས་ས་ཁུལ་རྩལ་ནུས་གསོ་སྦྱོང་ཀུང་སི་བཙུགས་པ་དང་། བདེ་སྲུང་མི་སྣ་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། གསོལ་མགྲོན་ཁང་དང་མགྲོན་ཁང་གི་ཞབས་ཞུ་བ། 

    རླངས་འཁོར་འཇོག་སའི་དངུལ་བསྡུ་མཁན་སོགས་ཀྱི་ལས་ཞུགས་ལས་གནས་500ལྷག་ཙམ་གསར་སྤེལ་བྱས་པས་དུད་ཚང་རེ་ནས་ཉུང་མཐར་ཡང་མི་རེ་ལས་ཞུགས་ཐུབ་ཡོད།

    རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུས་གནས་སྤོས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས“རྣམ་གྲངས་ཀྱིས་འདེགས་སྐྱོར་དང་། ནོར་སྲིད་ནས་མ་དངུལ་གཏོང་བ། ཁེ་ལས་ཞུགས་པ། མང་ཚོགས་མ་རྐང་ནང་ཞུགས་པ”བཅས་ཀྱི་བྱེད་སྟངས་སྤྱད་དེ་རྟ་དཀར་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་མ་དངུལ་སྒོར་ཁྲི་2000ཙམ་བཏང་སྟེ་ཐོན་ལས་གླིང་འཆར་འགོད་ཀྱིས་རྟ་དཀར་ཤིན་ཆང་བཞོན་མ་གསོ་ཚགས་དང་། རྟ་དཀར་གྱི་བོད་བྱ་གསོ་ཚགས། འདེབས་འཛུགས་གླིང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཅས་སོ་སོར་བཙུགས་པས་གནས་སྤོས་མང་ཚོགས་རྣམ་གྲངས་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་ཡོད། “ཁེ་ལས་དང་། མཉམ་ལས་ཁང་། གཉིས་ལྡན་དུད་སྦྲེལ། དུད་ཚང་དབུལ་པོ”བཅས་མཉམ་གཉེར་བྱེད་སྟངས་སྤྱད་ནས་བཞོན་མ་མགོ་གྲངས་500དང་བོད་བྱ་ཁྲི་1གསོ་ཚགས་དང་། གཟན་རྩྭ་དང་ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྒྱུ་མུའུ་365འདེབས་འཛུགས་འཆར་འགོད་བྱས་པར་སྔོན་དཔག་ལྟར་ན་ལོ་རེར་འབབ་འཕར་སྒོར་ཁྲི་314.29ཡོང་བཟོ་ཡོད་པ་དང་། མང་ཚོགས་དབུལ་པོ་མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་4400ལྷག་ཟིན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་འགན་ལེན་ཐུབ་རྒྱུ་རེད།

    ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤྱི་འདོམས་བསམ་གཞིག་གི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གནད་དོན་དང་ཟུང་འབྲེལ་ཧུར་ཐག་བྱེད་པ་དང་། ཐོན་ལས་གསོ་སྦྱོང་དང་གནས་སྤོས་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། བདེ་སྡོད་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་བྱེད་པ། རྩལ་ནུས་གསོ་སྦྱོང་ཧུར་ཐག་བཅས་བྱས་ཏེ་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་ནས་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།