[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བུད་མེད་ཁྲིམས་རྩོད་པ་ཁྲེན་ཤན་གྱིས།

    མཐའ་མཚམས་སུ་ཁྲིམས་སྐྱོང་གི་འོད་སྟོང་འཕྲོ་བར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཀྲང་ཙེ་ཡུན།    |    སྤེལ་དུས།   2019-12-14

    “ངས་དཀའ་ངལ་ལ་མི་སྐྲག་པ་དང་། སྙིང་རུས་ཆེན་པོས་འབད་བརྩོན་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་སྐྱོང་གི་འོད་སྟོང་གངས་ལྗོངས་ས་མཐོའི་ཁུག་ཀྱོག་ཚང་མར་འཕྲོ་ཐུབ་པར་བྱེད་འདོད”ཅེས་ཨན་ཧུའེ་ཡི་བོད་སྐྱོར་བུད་མེད་ཁྲིམས་རྩོད་པ་དང་པོ་ཁྲེན་ཤན་གྱིས“1+1”གི་ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་བྱ་སྤྱོད་ནང་ཞུགས་རྒྱུའི་མིང་ཐོ་ཐོག་མར་འགོད་སྐབས་དེ་ལྟར་བརྗོད་པ་རེད།

    ལོ་5ཡི་ནང་ཁྲེན་ཤན་གྱིས་གླ་ཕོགས་མཐོ་བའི་ལས་ཀ་བཞག་པ་དང་ནད་གཞི་ལྕི་བར་མ་བལྟོས་པར་བོད་དང་། ནང་སོག ཤིན་ཅང་སོགས་ཐག་རིང་ས་ཁུལ་དུ་བསྐྱོད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་བྱས་ཤིང་། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་600ལྷག་ཙམ་ཐག་གཅོད་བྱས་ནས་དོ་བདག་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་1000ལྷག་ཙམ་མི་ཕོག་པར་བྱས་པ་རེད། 2015ལོའི་ཟླ་7པར་ཁོང་གི་བཟའ་ཟླ་ཚའོ་ཤུས་ཀྱང་མཐའ་མཚམས་ལ་རོགས་སྐྱོར་བྱེད་པའི་དཔུང་ཁག་ནང་ཞུགས་ནས“1+1”བཅའ་ཁྲིམས་རོགས་སྐྱོར་བྱ་སྤྱོད་ཀྱི་ཁྲིམས་རྩོད་པའི་ནང་ཞུགས་མཁན་གྱི་ཁྲིམས་རྩོད་པའི་ཁྱོ་ཤུག་ཐོག་མ་དེར་གྱུར་ཡོད་པ་རེད།

    གླ་ཕོགས་མཐོ་བའི་ལས་ཀ་བཞག་ནས་མཐའ་མཚམས་རང་ཁྱིམ་དུ་བརྩིས་པ།

    འདི་ལོར་ལོ་47ལ་སླེབས་པའི་ཁྲེན་ཤན་མཐོ་རིམ་སློབ་འབྲིང་དུ་སྐྱོད་སྐབས། པ་ཕ་སྔ་ས་ནས་གྲོངས་པའི་དབང་གིས་སློབ་མཚམས་མ་འཇོག་རང་འཇོག་ལ་ཐུག་སྐབས་སློབ་གྲྭའི་དགེ་སློབ་ཚོས་སློབ་ཡོན་ཞལ་འདེབས་བརྒྱབ་ནས་དཀའ་ངལ་མཐའ་དག་བསལ་བ་དང་། ཁྲིམས་རྩོད་པ་ཞིག་ཏུ་གྱུར་རྗེས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ཁོང་གི་རེ་འདུན་ཞིག་ཏུ་གྱུར་ཞིང་། 2014ལོའི་ཟླ་7པར་ཁྲེན་ཤན་གྱིས་ནང་སའི་གླ་ཕོགས་མཐོ་བའི་ལས་ཀ་བཞག་ནས་མཐའ་མཚམས་སུ་བསྐྱོད་པ་རེད།

    ཁྲེན་ཤན་གྱིས་ཐོག་མར་རོགས་སྐྱོར་བྱ་ཡུལ་ཏེ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཟིན་གྱི་ཡོད་པ་རེད། ཁོང་ཐོག་མར་དེ་གར་འབྱོར་སྐབས་སྣ་ཁྲག་དོན་པ་དང་ས་ཆ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད།

    “དཀའ་ལས་ཁག་ཤོས་ནི་ནང་མི་ཚོ་དྲན་པ་དེ་རེད” ཤིན་ཅང་དུ་སྐྱོད་སྐབས་ཁོང་གིས་ཕ་ཡུལ་ནས་སྐྱེ་དངོས་ཤ་ཆེན་མང་པོ་འཁྱེར་ཏེ་ཉལ་ཁང་གི་སྒེའུ་ཁུང་མདུན་དུ་བཞག་པ་དང་། “ནང་མི་ཚོ་དྲན་སྐབས་སྐྱེ་དངོས་དེ་དག་ལ་སྐད་ཆ་བཤད་ནས་སྡོད་ཀྱི་ཡོད”

    “ཐོབ་ཆ་མེད་པའི་དང་བླངས་བྱེད་སྒོ་དེ་ལོ་5ཙམ་རྒྱུན་འཁྱོངས་བྱས་པ་ནི་ཧ་ལས་དགོས་པ་ཞིག་རེད”ཅེས་ཤིན་ཅང་ཝུའུ་ལུའུ་མུའུ་ཆིའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(ཐོའུ་ཏུན་ཧོ་ཆུས)གྱི་ངལ་རྩོལ་མི་དོན་རྩོད་གཞི་ཁྲུན་གཅོད་ཁང་གི་ཡོན་ཀྲང་ཁྲེན་ཆིང་གིས་བཤད། ཁྲེན་ཤན་མ་ཡོང་གོང་ཁང་དེར་བཅའ་ཁྲིམས་རོགས་སྐྱོར་ལས་གནས་བཙུགས་ཡོད་མོད། འོན་ཀྱང་ས་ཐག་རིང་ལ་ཡོང་འབབ་ཉུང་བས་ཡོང་འདོད་བྱེད་མཁན་ཁྲིམས་རྩོད་པ་མེད་པ་རེད།

    བཅའ་ཁྲིམས་རོགས་སྐྱོར་བྱེད་རིང་ཁྲེན་ཤན་གྱིས་ད་དུང་རྟག་ཏུ་རང་ཉིད་ཀྱིས་དངུལ་བཏོན་ནས་དབུལ་པོ་དང་ཉམས་ཞན་ཚོགས་སྤྱིར་རོགས་པ་བྱེད་ཀྱི་ཡོད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་བྱང་ཆུབ་ཀྱིས“གླ་ཕོགས་འགྱངས་ཆད་དབང་གིས་ཞིང་པ་ལས་མི་ཁ་ཤས་ལ་དངུལ་སྐར་མ་གཅིག་ཀྱང་མེད་པར་ཕ་ཡུལ་དུ་ལོག་མི་ཐུབ་པ་མཐོང་སྐབས་ཁྲེན་ཤན་གྱིས་ཁོང་ཚོར་སྒོར་3000སྤྲད་སོང”ཞེས་དྲན་གསོ་བྱེད་བཞིན་བཤད།

    དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་གནད་དོན་འབྱུང་རྩ་ནས་བསལ་བ།

    ཁྲེན་ཤན་གྱིས“ངས་ཁོང་ཚོར་ཅི་ཞིག་སྒྲུབ་ཐུབ་བམ”ཞེས་རང་གིས་རང་ལ་དྲི་བ་ཐེངས་མང་འདོན་གྱི་ཡོད།

    བོད་རིགས་གཞོན་ནུ་ཞིག་གིས་དྲ་ཁང་དུ་འགྲོ་བའི་དངུལ་མེད་པར་གཞན་གྱི་ས་ནས་དངུལ་འཕྲོག་བཅོམ་བྱས་པས་འཛིན་བཟུང་བྱས་པ་རེད། ཁྲེན་ཤན་གྱི་རོགས་རོམ་འོག་ཁྲིམས་ཆད་ཕྱིར་འགྱངས་བྱས་རུང་། སློབ་གྲྭ་ནས་ཕུད་ཡོད་པ་རེད། གནས་ཚུལ་དེ་ཤེས་རྗེས་ཁྲེན་ཤན་གྱིས་རླངས་འཁོར་དུ་སྐར་མ་40བསྡད་དེ་སློབ་གྲྭར་བསྐྱོད། སློབ་སྤྱིར་བརྒྱ་བཤད་སྟོང་བཤད་ཆུ་ཚོད་3ལྷག་ཙམ་བྱས་མཐར་སློབ་གྲྭར་འཇུག་རྒྱུའི་ཁས་བླངས་པ་རེད། རང་ཉིད་ཀྱི་བུ་སློབ་གྲྭར་ཡང་བསྐྱར་སྐྱོད་ཆོག་པ་ཤེས་སྐབས་གཞོན་ནུ་དེའི་ཨ་མས་སེམས་འགུལ་ཚད་མེད་ཐེབས་པའི་ངང་ཁྲེན་ཤན་ལ་ཁ་བཏགས་གཡོགས་ཤིང་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

    བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པའི་འགན་འཁྲི་གཙོ་བོ་ནི་བཅའ་ཁྲིམས་བློ་འདྲི་དང་གཏུག་བཤེར་གྱི་ལས་ཀ་བྱ་རྒྱུ་དེ་ཡིན་ཡང་། ཁྲེན་ཤན་གྱིས་གྱོད་གཞི་ཐག་གཅོད་བྱེད་པ་ཙམ་མ་ཟད། ད་དུང་དོ་བདག་ལ་བསམ་བློ་བཏང་སྟེ་རྩོད་གཞི་ཆུང་ས་ནས་སེལ་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

    ཐེངས་ཤིག ནང་སོག་ཝུའུ་ལ་ཐེ་ཀྲུང་ཆི་ཡི་རྒན་རྒོན་ཞིག་གི་སྡོད་ཁང་སྔ་ཚར་གྱིས་བཟུང་བའི་གྱོད་གཞི་ཞིག་ཐག་གཅོད་བྱེད་སྐབས་ཁྲིམས་ར་མ་འཚོག་གོང་གི་ཉིན་གཉིས་གོང་ཁྲེན་ཤན་གྱིས“ཁྲིམས་ར་འཚོག་ཚེ་ཁྱིམ་ཚང་དེའི་འགལ་བ་སྔར་བས་ཆེ་རུ་འགྲོ་སྲིད”བསམས་ནས་གཉིད་ཁུག་མེད་པ་རེད། ཁོང་གིས་བསམ་བློ་ཐེངས་མང་བཏང་བ་བརྒྱུད་འདྲི་གཅོད་ཁྲིམས་ཁང་གི་ཁྲིམས་དཔོན་བཙལ་ནས་འདུམ་འགྲིག་ཡང་ཡང་བྱས་པ་རེད། “ཁྲིམས་རྩོད་པ་ཁྲེན་ལགས་མེད་ཚེ་ཁྲིམས་ལ་སྦྱར་ནས་ཁྱིམ་ཚང་དེ་ཐོར་རྒྱུ་རེད”ཅེས་ལོ་80ལྷག་ཙམ་ལ་སླེབས་པའི་རྒན་རྒོན་དེས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་སེམས་འགུལ་ཚད་མེད་ཐེབས་པའི་ངང་བཤད།

    དཔེ་མཚོན་དེ་རིགས་ད་དུང་གྲངས་ཀྱིས་མི་ལང་བ་རེད།

    མི་དེ་བས་མང་བར་རོགས་རམ་བྱ་ཆེད། ཁྲེན་ཤན་གྱིས་དུས་ཚོད་དམ་འཛིན་བྱས་ཏེ་ལས་ཀ་བྱེད་སྐབས་ཆུ་ཡང་འཐུང་ཁོམ་མེད། གང་ལགས་ཤེ་ན། གསང་སྤྱོད་ལ་སྐྱོད་པར་སྐར་མ་ཁ་ཤས་འགོར་བས་ཐེངས་ཁ་ཤས་བསྐྱོད་ཚེ་བློ་འདྲིའི་དུས་ཚོད་འཕྲོ་བརླག་འགྲོ་གི་ཡོད་པས་ཡིན། ལོ་གཅིག་ཞག་མོ་365ཡི་རིང་ཁྱིམ་དུ་གཉེན་ཉེ་འཕྲད་པར་སྐྱོད་པའི་དུས་ཚོད་ཉིན་15ཡང་སྤྱོད་ཀྱི་མེད་ལ། གྲོན་ཆུང་བྱས་པའི་དུས་ཚོད་དེ་དག་ནང་ཁྲེན་ཤན་གྱིས་བོད་སྐྱོར་ལོ་གཅིག་བྱེད་རིང་གྱོད་གཞི་58གྱོད་ཐག་བཅད་ཡོད་པ་རེད།

    ཐོག་མའི་བསམ་འདུན་མ་བརྗེད་པར་ཁྲིམས་སྐྱོང་གི་འོད་སྟོང་འཕྲོ་བར་བྱས་པ།

    རྒྱ་རིགས་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་ཇི་ལྟར་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་དགོས་མཁོ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླས་ཁས་ལེན་ཐོབ་པ་བྱེད་དགོས་སམ།

    བོད་དུ་སྡོད་རིང་ཁྲེན་ཤན་གྱིས་ཚེ་རིང་ཆོས་ལྡན་ཞེས་པའི་བོད་རིགས་ཞིང་པ་ལས་མི་ཞིག་ལ་བཅའ་ཁྲིམས་རོཌ་སྐྱོར་བྱས་པ་རེད། གྱོད་གཞི་དེ་དང་ལེན་བྱེད་སྐབས། ཁོང་གིས་ལག་ཏུ་རག་པའི་ངེས་རྩིས་ཤོག་ལྷེས་ཆད་འཛིན་གྱི་དཔང་རྟགས་བྱེད་མི་ཐུབ་པའི་དབྱེ་ཞིབ་བྱས་པས། ཚེ་རིང་ཆོས་ལྡན་གྱིས་རྒྱ་རིགས་ཁྲིམས་རྩོད་པ་དེར་ཡིད་མ་ཆེས་པར་བཅའ་ཁྲིམས་རོགས་སྐྱོར་དང་ལེན་བྱེད་འདོད་མེད་པར་གྱུར་མོད། འོན་ཀྱང་ཁྲེན་ཤན་གྱིས་གྱོད་གཏུག་ཞུ་ཡིག་ནན་ཏན་ངང་བྲིས་པ་དང་བརྟག་དཔྱད་དང་དཔང་རྟགས་འཚོལ་བ་སོཌ་ཡང་ཡང་བྱས་པ་མ་ཟད། ད་དུང་ཚེ་རིང་ཆོས་ལྡན་ལ་གོང་ཞུར་མཁོ་བའི་དཔྱད་གཞི་མཁོ་འདོན་བྱེད་དགོས་པའི་སློབ་གསོ་ཐེངས་མང་བརྒྱབ་ཡོད། མཐར་ཁ་མཆུ་ཐོབ་པ་མ་ཟད་ཚེ་རིང་ཆོས་ལྡན་གྱི་ཡིད་ཆེས་ཀྱང་ཐོབ་ཡོད་པ་རེད།

    ཁྲེན་ཤན་གྱི་སེམས་སུ་གྱོད་ཐག་བཅད་པའི་གྱོད་གཞི་ཚང་མ་ལས་གྲངས་ཉུང་མི་རིགས་ཀྱི་གཅེན་གཅུང་ཚོར་བཅའ་ཁྲིམས་ཐད་མི་རིགས་ཀྱི་ཁྱད་པར་མེད་པར་ཚང་མ་དྲང་སྙོམས་དྲང་བདེན་ཤ་སྟག་ཡིན་ལུགས་གསལ་བཤད་བྱེད་དགོས་བསམ་ཞིང་། བཅའ་ཁྲིམས་རོགས་སྐྱོར་བྱེད་རིང་ཁྲེན་ཤན་གྱིས་མཐའ་མཚམས་མི་སེར་མང་པོའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་ཁར། རང་ངོས་ཀྱི་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱེད་དགོས་པ་མི་ཤེས་པ་ཤེས་རྟོགས་བྱུང་སྐབས་ཉིན་ལྟར་གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་བསྐྱོད་ཡོད། ཁྲེན་ཤན་གྱིས“བོད་ཀྱི་ཉེན་ཁ་ཆེ་ཤོས་ཀྱི་ལམ་ནི་ཆབ་མདོར་ཡོད་ལ། རླངས་འཁོར་གཅིག་སྐྱོད་ཐུབ་ཙམ་ལས་མེད། ལམ་གྱི་གཞོགས་གཞན་ཞིག་ནི་གཡང་གཟར་ཡིན་པས་རྟག་ཏུ་ལྟ་མི་ཕོད”ཅེས་བཤད།

    ཁྲིམས་ལུགས་ཁྱབ་གདལ་གཏོང་བར་ཐོབ་ཆ་མེད་ལ་གྱོད་སྒྲུབ་ཀྱི་ཁ་གསབ་ཀྱང་མེད་པའི་ཁར། ལས་ཀའི་འབོར་ཚད་ཀྱང་མཐོང་དཀའ་རུང་ཁྲེན་ཤན་གྱིས་དེར་སྣང་བ་མ་བཏང་བར་རྟག་ཏུ་གཟའ་མཇུག་ལ་ཤང་མང་པོར་སྐྱོད་ཀྱི་ཡོད་པ་རེད། ལོ་5ཡི་ནང་ཁྱོན་ཁྲིམས་སྐྱོང་དྲིལ་བསྒྲགས་དང་འཆད་ཁྲིད་60ལྷག་ཙམ་བྱས་ཤིང་། མི་ཐེངས་5200ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་ཡོད་པ་རེད།

    མཐའ་མཚམས་སུ་དུས་ཡུན་རིང་པོར་ལས་ཀ་འབོར་ཆེན་བྱས་པའི་ཁར་དཀའ་ཚེགས་ཆེ་བའི་འཚོ་བའི་ཆ་རྐྱེན་དབང་གིས་ཁྲེན་ཤན་ལ་གྲུམ་ནད་དང་། མཁལ་མའི་རྡོ་སྐྲན། སྐྱ་གྲིབ་སོགས་ནད་གཞི་ཕོག་ཡོད་པ་མ་ཟད་རྒྱང་སྒྲིབ་ཏུའུ་1000ལྷག་ཙམ་ཟིན་ཡོད། ཡིན་ནའང་ཁྲེན་ཤན་གྱིས“གཟུགས་པོས་འཁྱོལ་ཚེ་ངས་བཅའ་ཁྲིམས་རོགས་སྐྱོར་མུ་མཐུད་བྱས་ནས་ཁྲིམས་སྐྱོང་གི་འོད་སྟོང་མེས་རྒྱལ་གྱི་མཐའ་མཚམས་སུ་འཕྲོ་ཐུབ་པར་བྱ་རྒྱུ་ཡིན”ཞེས་བློ་བརྟན་འགྱུར་མེད་ངང་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།