[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་ནང་བོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཟླ་5ཚེས་15ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་མཇུག་འགྲིལ་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་གསུམ་སོང་རིང་ཀྲུང་གོའི་ཁེ་ལས་ལ་རྒྱུན་མཐུད་ལྕག་སྐུལ་བྱས་ཤིང་། བོད་ཀྱི་ཁེ་ལས་ཚུད་པའི་ཁེ་ལས“ཕྱིར་སྐྱོད་པའི”གོམ་སྟབས་མགྱོགས་སུ་བཏང་སྟེ་འཛམ་གླིང་གི་འགྲན་རྩོད་ནང་གཏིང་ཟབ་ཞུགས་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ནང་མཉམ་འདྲེས་ཡོང་བ་བྱས་ཡོད།

    ཚེས་14ཉིན་གྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་རིམ་པ་གཅིག་པའི་ཚོགས་འདུའི་ཐོག“ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”དང“ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང”རྣམ་གྲངས་གཉིས་ཐད་ནེ་པ་ལའི་ཁེ་ལས་དང་མཉམ་ལས་གྲོས་མཐུན་བཞག་པ་དེས་བོད་ཀྱིས་ནེ་པ་ལ་དང་རྒྱལ་སྤྱིའི་ཐོན་ནུས་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་བོད་ལྗོངས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཟབ་མོ་ཡོང་ཆེད་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བརྟན་པོའི་ངང་བསྐྲུན་པར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”སྒོ་དབྱེའི་རྣམ་གྲངས་ནི་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཀྲུང་གོ་ཕིང་ཨན་ཚོགས་པ་མཉམ་ལས་བྱས་ཏེ་ནེ་པ་ལར“ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”བསྐྲུན་རྩིས་ཡོད་པ་དང་མ་རྩ་གཏོང་འབོར་ཨ་སྒོར་དུང་ཕྱུར་10ཟིན་ཡོད། རྣམ་གྲངས་བསྐྲུན་རྗེས་བོད་ཀྱིས“དར་གོས་ལམ་བུའི་དཔལ་འབྱོར་རྒྱུད”འཛུགས་སྐྲུན་བྱེད་པའི་སྐར་ཁུང་གལ་ཆེན་དང་རང་རྒྱལ་གྱི་ཁེ་ལས་ཀྱིས་ནེ་པ་ལར་མ་འཇོག་བྱེད་པའི་ལས་སྟེགས་གལ་ཆེན་དུ་འགྱུར་རྒྱུ་རེད།

    “ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང”ནི་ལྷ་ས་གྲོང་ཁྱེར་དང་ཧོ་མེ་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ནེ་པ་ལའི་ཀུང་སི་དང་གྲོས་མོལ་བྱས་ཏེ་ནེ་པ་ལའི་ཀ་ཏ་མན་རྡུའི་ལ་མ་ཐ་ས་ཁུལ་དུ་མ་རྩ་བཏང་སྟེ་བསྐྲུན་པའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ཞིག་ཡིན་ཞིང་། རྣམ་གྲངས་དེའི་ས་ཆའི་རྒྱ་ཁྱོན་མུའུ་496ཟིན་པ་དང་མ་རྩ་ཨ་སྒོར་དུང་ཕྱུར་4.5བཏང་བའི་ཁར་དུས་མཚམས་གསུམ་ཕྱེ་ནས་བསྐྲུན་རྒྱུ་ཡིན་པ་དང་དུས་མཚམས་དང་པོ་སྔོན་དཔག་བྱས་ན་2019ལོའི་ལོ་འགོར་བསྐྲུན་ཟིན་ནས་གཉེར་སྐྱོང་བྱ་རྒྱུ་ཡིན་པ་རེད།

    “‘ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང’གི་རྣམ་གྲངས་ནི་རིག་གནས་ཡུལ་སྐོར་གྱིས་གཙོ་བོ་བྱེད་པ་དང་ལོ་རྒྱུས་ཀྱི་གར་སྟེགས་ཟློས་གར《བལ་བཟའ་ཁྲི་བཙུན》དང་། ནེ་པ་ལའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲོང་རྡལ་ཆུང་ངུ་། ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཚུད་ཡོད། མིག་སྔར་རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་དང་རིགས་པས་ཁུངས་སྐྱེལ་གྱི་ལས་ཀ་རགས་ཙམ་བསྒྲུབས་ཟིན་ཡོད”ཅེས་ལྷ་ས་ཧོ་མེ་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོ་ཕིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང”གི་རྣམ་གྲངས་དེས་རྒྱལ་ཁབ་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ཏེ་ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་པར་སྐུལ་འདེད་གཏོང་བའི་འདུ་ཤེས་རྒྱུན་འཛིན་བྱས་ནས་བོད་ཀྱི་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཀྲུང་ནེའི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཀྲུང་ནེ་ཕྱོགས་གཉིས་པོའི་ཞབས་ཞུ་ཉོ་ཚོང་དང་མ་འཇོག་མཉམ་ལས་སྐུལ་ཁྲིད་ཀྱང་བྱས་ཡོད། ནེ་པ་ལའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་ཁར་བལ་བཟའ་ཁྲི་བཙུན་ནི་ཀྲུང་ནེའི་མཛའ་གྲོགས་ཀྱི་མཚོན་རྟགས་ཡིན་པས། ང་ཚོས‘ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང’དུ་ལོ་རྒྱུས་ཀྱི་གར་སྟེགས་ཟློས་གར《བལ་བཟའ་ཁྲི་བཙུན》འཁྲབ་སྟོན་བྱེད་རྩིས་ཡོད་པར་འཁྲབ་སྟོན་པ་མི་300ཙམ་ཟིན་པ་རྣམས་བལ་ཡུལ་གྱི་མང་ཚོགས་ཀྱིས་གཙོ་ཆེར་བཟུང་ཡོད། གླིང་ནང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭས་ཡུལ་དེའི་མི་སེར་ལ་སློབ་ཡོན་མི་དགོས་པར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་མི་མཁོ་བའི་དགོས་མཁོ་བསྐང་རྒྱུ་དང་། རྣམ་གྲངས་བསྐྲུན་རྗེས་ཡུལ་དེའི་མི་3000ཙམ་གྱི་ལས་ཞུགས་གནད་ཐོན་ཐག་གཅོད་ཐུབ་རྒྱུ་རེད། རིག་གནས་སྤེལ་རེས་ནི་དམངས་སེམས་འདུ་འགོད་ཅིག་ཡིན་པ་དང་། ཐོན་ལས་གླིང་གིས་ནེ་པ་ལའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་སྣེ་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་བར་རོགས་རམ་བྱེད་པ་དང་དུས་མཚུངས། ཀྲུང་གོའི་རིག་གནས་དང་ལྷག་པར་དུ་བོད་ཀྱི་རིག་གནས་ཕྱིར་བསྐྱོད་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་དང་བརྩེ་དུང་ཟབ་ཏུ་ཕྱིན་ནས‘དམངས་སེམས་གཅིག་མཐུན’གྱི་དམིགས་ཚད་མངོན་འགྱུར་ལ་ཕན་པ་ཡོད”ཅེས་བཤད་པ་རེད།

    གྲངས་གཞི་བསྡོམས་རྩིས་བྱས་པ་ལས་མངོན་པ་ལྟར་ན། མིག་སྔའི་བར་བོད་ཀྱི“ཕྱིར་སྐྱོད་པའི”ཁེ་ལས་30ལྷག་ཙམ་ཡོད་པ་རྣམས་ནེ་པ་ལ་དང་། ཨ་རི། ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་དུ་གནས་པ་དང་དེ་དག་བོད་སྨན་དང་། རིག་གནས། མཁའ་འགྲུལ་བཅས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད། “ཕྱིར་སྐྱོད་པའི”ཁེ་ལས་ཚང་མ་2013ལོའི་རྗེས“རྒྱུད་གཅིག་ལམ་གཅིག”དང“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ”གཏོད་པའི་གོ་སྐབས་བཟང་པོར་བརྟེན་ནས་ཕྱི་ཕྱོགས་སུ་བསྐྱོད་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།