[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀན་སུའུ་ཡིས་ཁག་གཉིས་པའི་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-17

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཞིང་ཆེན་གྱི་ཁག་གཉིས་པའི་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཉེ་ཆར་འགོ་ཚུགས་པ་དང་སྨན་དོན་མི་སྣ་49འདེམས་གཏོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་དུས་ཡུན་ལོ་གཅིག་གི་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།

    ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ནི་ཞིང་ཆེན་རིམ་པ་དང་དཔུང་སྡེའི་སྨན་ཁང་10ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་ཅན་ལས་གྲུབ་པ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་དཔའ་རིས་རྫོང་གི་སྨན་ཁང་10རུ་ཁག་བགོས་ཏེ་རོགས་སྐྱོར་ཞབས་ཞུ་བྱ་རྒྱུ་རེད།

    ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རུ་མིའི་ཁྲོད། ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་མི་སྣ་31དང་། ཀྲུང་ལུགས་སྨན་པ་7 སྨན་བཅོས་ལག་རྩལ་པ་9 ནད་སྐྱོང་པ་2བཅས་ཚུད་ཡོད་པ་དང་། “དེའི་ཁྲོད་མཐོ་རིམ་གཞོན་པ་ཡན་གྱི་རིགས་གཅིག་མཁས་ཅན་20དང་། ཞིང་ཆེན་རིམ་པའི་སྔོན་ཐོན་ཤེས་ལྡན་པ་5 གྲགས་ཅན་ཀྲུང་ལུགས་སྨན་པ་3ཡོད”ཅེས་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཀུའོ་ཡུས་ཧྥིན་གྱིས་བཤད།

    རོགས་སྐྱོར་ཐོབ་པའི་སྨན་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་དགེ་ཕྲུག་ཆ་སྒྲིག་དང་ཆེད་དོན་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་བོད་རིགས་ས་ཁུལ་གྱི་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རུ་མི་རེས་ཉུང་མཐར་ཡང་དགེ་ཕྲུག་2ནས་3བར་ཁྲིད་རྒྱུ་དང་ཆབས་ཅིག ཤང་དང་གྲོང་ཚོའི་རིམ་གཉིས་འཕྲོད་བསྟེན་མི་སྣའི་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལོ་ལྟར་རོགས་སྐྱོར་ཐོབ་པའི་སྨན་ཁང་ལ་ཉུང་མཐར་ཡང་གཙོ་གནད་ཆེད་བཅོས་ཚན་ཁག་1འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཀན་སུའུ་ཞིང་ཆེན་གྱིས་2015ལོའི་ལོ་མཇུག་ཏུ་ཁག་དང་པོའི་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་འགོ་བཙུགས་པས། རོགས་སྐྱོར་བྱེད་མཁན་སྨན་ཁང་དང་རོགས་སྐྱོར་ཐོབ་པའི་སྨན་ཁང་དབར་གཏན་འཇགས་ཀྱི་རོགས་སྐྱོར་འབྲེལ་བ་ཞིག་ཆགས་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རིམ་རྩིས་བྱས་ན་བོད་རིགས་ས་ཁུལ་གྱི་ནད་པ་མི་ཐེངས་ཁྲི་2.8ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། གཤགས་བཅོས་སྣ་ཚོགས་1200ལྷག་ཙམ་བྱས་པ། སྐོར་སྐྱོད་འོས་འགན་སྨན་བཅོས་ཐེངས་60ལྷག་ཙམ་བྱས་ཡོད་པ་རེད།

    “ལོ་གཅིག་རིང་ཞབས་འདེགས་ཞུས་པ་བརྒྱུད་ང་ཚོས་བོད་རིགས་ས་ཁུལ་གྱི་མང་ཚོགས་རྣམས་ཕྱིར་སྐྱོད་མི་དགོས་པར་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱིས་མཁོ་འདོན་བྱས་པའི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་མ་ཟད། ས་གནས་དེ་གའི་སྨན་དོན་མི་སྣའི་ནད་པ་སྐྱོབ་བཅོས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་བོད་རིགས་ས་ཁུལ་ལ་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་ཡོད”ཅེས་ཀན་སུའུ་ཞིང་ཆེན་གྱི་ཁག་དང་པོའི་ཞིང་ཆེན་རིམ་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་སྤྱི་ཁྱབ་རུ་དཔོན་ཝང་ཧྲི་པེའོ་ཡིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།