[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སྐྱ་ཐེར་ཐེར་གྱི་རི་བོ་སྔོ་ཐིང་ཐིང་དུ་གྱུར།

    —— བགྲང་བྱ་28རིང་མཚོ་སྔོན་ཟི་ལིང་གི་ལྷོ་བྱང་རི་བོར་ཤིང་བཙུགས་ནས་སྔོ་ལྗང་ཅན་དུ་གྱུར་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-18

    ས་བབ་མཐོ་བ་དང་གྲང་ངར་ཆེ་ལ་སྐམ་ཤས་ལྡན་པའི་མཚོ་བོད་ས་མཐོར་མི་འབུམ་ཕྲག་ཁ་ཤས་ཀྱིས་བགྲང་བྱ་28རིང་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོ་གཉིས་ཀྱི་ཐང་རྒོད་མུའུ་ཁྲི་20ཙམ་དུ་ཤིང་བཙུགས་ཤིང་། སྔོན་ཆད་དུས་ཡུན་རིང་པོའི་ནང་རྩྭ་རྩི་ཤིང་མཐོང་དཀོན་པའི་གནའ་གྲོང་ཉིད་ལྟ་ན་སྡུག་ལ་འཚོ་སྡོད་བྱ་རྒྱུར་འཚམ་པའི་མཚོ་བོད་ས་མཐོའི“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”དང་པོར་གྱུར་ནས་ས་མཐོ་བའི་སྙིང་སྟོབས་ཀྱི་མཐོ་ས་ཞིག་གཏོད་ཐུབ་པ་བྱུང་ཡོད།

    བྱེ་རླུང་གང་སར་ལྡང་ལ་འདབ་ཆགས་ཀྱི་གྲིབ་མ་ཙམ་ཡང་མཐོང་དཀོན་པ།

    སྣྲོན་ཟླའི་ཟླ་མཇུག་ཏུ་ཟི་ལིང་གི་བྱང་རིར་ཚང་ཚིང་ནགས་ཀྱིས་ཡིད་ཀྱི་དང་བ་འདྲེན་པར་བྱེད། འོན་ཀྱང་ལོ་28ཀྱི་གོང་དུ་བྱང་རི་ནི་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མེད་པའི་ས་ཞིག་ཡིན། ས་ཆ་དེ་ག་ནས་ཡིན་པའི་ལོ་72ལ་སླེབས་པའི་ལི་ཧྲོང་ཀུའེ་ཡིས་ཡུལ་གཞན་དུ་དྲོད་རླུང་ལྡང་ནས་མེ་ཏོག་བཞད་དུས“བྱེ་རླུང་འཚུབ་པ་དང་འདབ་ཆགས་ཀྱི་གྲིབ་མ་ཙམ་ཡང་མེད་པའི”ཟི་ལིང་དུ་མི་རྣམས་སོས་དལ་སྐབས་འགྲོ་ས་མེད་ཅེས་གསར་འགོད་པར་བརྗོད།

    “ཟི་ལིང་ནི་རི་གཉིས་ཀྱི་བར་དུ་ཆགས་ཡོད། དེ་དུས་སྐྱ་ཐེར་ཐེར་གྱི་རི་སུལ་དུ་ཡི་མུག་པ་ཞིག་ཡོད”ཅེས་ལི་ཧྲོང་ཀུའེ་ཡིས་བརྗོད་ཅིང་། ཁོང་གིས་གྲོང་མི་ཁག་གཅིག་གིས“མཚོ་སྔོན་གྱི་ས་ཡག་ཀྱང་། རི་མགོར་རྩྭ་མི་སྐྱེ་བས་རླུང་བུ་ལྡང་ཚེ་རྡོ་ཟེགས་འཕུར་ཡོང”ཞེས་ཀུ་རེའི་ཚུལ་དུ་འདི་ལྟར་བརྗོད་ཀྱི་ཡོད་ཅེས་བཤད།

    ཁོར་ཡུག་དེ་ལྟ་བུར་ཡུན་རིང་པོར་འཚོ་བ་སྐྱེལ་རིང་། ལྷོ་བྱང་རི་ལྡེབས་གཉིས་སུ་ཤིང་འཛུགས་རྒྱུ་ནི“ཟི་ལིང་བ་རྒན་གྲས”མི་ཉུང་བའི་མི་ཚེ་ཕྱེད་ཀའི་བསམ་འདུན་ཡིན།

    1989ལོའི་ཟླ་3པར་མཚོ་སྔོན་ཞིང་ཆེན་དུ་ལྷོ་བྱང་རི་ལྡེབས་སྔོ་འགྱུར་བཀོད་འདོམས་པུའུ་བཙུགས་ཏེ་མྱ་ངམ་ཐང་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་སེམས་ཐག་བཅད། སྐབས་དེའི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ཁེ་ཧྲེན་གྱིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་བ་དང་། ཚན་པ་100ལྷག་དང་ཏང་ཡོན་ལས་བྱེད་པ་རྒན་གྲས་ཆིག་སྟོང་ལྷག་གིས་ས་ཚིགས་དང་ཡུག་ཁུལ་འགན་གཙང་བླངས་ཏེ་རི་ལྡེབས་སུ་ཤིང་འཛུགས་འགོ་བརྩམས།

    ལྷོ་བྱང་རི་ལྡེབས་རྣམ་པ་གསར་རྐྱང་དུ་གྱུར་པ།

    ལྷོ་བྱང་གཉིས་ཀྱི་རི་གཟར་བ་དང་རྡོ་ཧྲུག་མང་ཁར་འགྲོ་ལམ་དང་རྡོ་སྐས་ཀྱང་མེད་པས་ཡར་འཛེགས་སྐབས་ཧ་ཅང་ཁག་པོ་ཡོད། ཟི་ལིང་གི་ལྷོ་བྱང་རི་ལྡེབས་སྔོ་འགྱུར་བཀོད་འདོམས་པུའུ་སྔོ་འགྱུར་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲུའུ་ཧོང་ཅེས་ཤིང་འཛུགས་ལས་གྲྭ་འགོ་བརྩམས་མ་ཐག་མི་སྟོང་ཕྲག་མང་པོས་ཉིན་ལྟར་རི་འདབས་སུ་འཇོར་དང་ལྕགས་ཁེམ་གྱིས་ལམ་བཟོས་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ནས་མི་དམངས་མང་ཚོགས་བར་ཤིང་འཛུགས་པའི་ཚ་རླབས་ཤིག་འཕྱུར།

    ལམ་བཟོས་རྗེས་ལས་བྱེད་པ་དང་མང་ཚོགས་ཀྱིས་བང་བསྒྲིགས་ནས་སྡོང་ཕྲུག་རྒྱ་མ་བཅུ་ཕྲག་རེ་རྒྱབ་ཏུ་ཁུར་ནས་རིར་འཛེགས་པ་དང་ཤིང་འཛུགས་ཡུལ་དུ་ལམ་སེང་སྡོང་ཕྲུག་བཙུགས་རྗེས་དེའི་མཐའ་འཁོར་དུ་ས་རྒྱོང་བ་དང་ཆུ་དྲངས་ནས་སྐྱེ་འཚར་ཡག་པོ་ཡོང་བ་བྱས། ཀྲུའུ་ཧུང་ཅེས་སྐབས་དེའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལོ་70ལ་སླེབས་ཟིན་པའི་ཀ་པུའུ་ལུང་གིས་ཕྲག་ཏུ་སྡོང་ཕྲུག་ཁུར་བ་དང་ལག་ཏུ་ཆུ་སྣོད་ཁྱེར་ནས་རྟག་པར་མདུན་གྲལ་དུ་བསྐྱོད་པས་གཞོན་ནུ་སྒྱིད་ལུག་ཅན་མི་ཉུང་བས་ཁོང་མཐོང་འཕྲལ་གཡོ་ཟོལ་བྱེད་མི་ནུས་པར་གྱུར་ཅེས་བཤད།

    1993ལོར་ཀ་པུའུ་ལུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ལས་གནས་ནས་བབས་པ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཕྱི་ཉིན་དཀའ་ངལ་ལ་སྐྲག་སྣང་མེད་པའི་བགྲེས་སོང་ཁོང་གིས་འཇོར་ཁུར་བ་དང་མི་འཁྲིད་ནས་རི་མགོར་བསྐྱོད་ནས་ཤིང་མི་སྐྱེ་བའི་རྒྱུ་རྐྱེན་བཙལ། ལོ་དེར་ཀ་པུའུ་ལུང་ཟི་ལིང་ལྷོ་བྱང་རི་ལྡེབས་སྔོ་འགྱུར་བཀོད་འདོམས་པུའི་རྒྱུན་ལས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པར་བསྐོས།

    ལོ་མང་པོ་བརྟག་དཔྱད་བྱས་ཏེ“ཆུ་དྲངས་ནས་ས་རྒྱུ་གཤིན་པོ་ཡོང་བ”དང“ཆུ་ལ་བརྟེན་ནས་ནགས་གསོ”བ་སོགས་ཀྱི་ཆོས་ཉིད་ཕྱོགས་སྡོམ་ཐུབ་ཡོད། བྱང་རིའི་ནགས་སྲུང་ཏོན་གོ་ལུའུ་ཡིས་གླ་ཚེར་སོགས་བཏབ་ནས་ས་རྒྱུ་གཤིན་པོར་བསྒྱུར་བར་བརྟེན་ནས་ལྷོ་བྱང་རི་ལྡེབས་ཀྱི་ས་རྒྱུར་ག་ལེར་འགྱུར་ལྡོག་བཏང་བ་རེད། ལོ་ངོ་དུ་མའི་རིང་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཆུ་ཡུར་སྐྲུན་པ་དང་། གློག་སྐུད་ཁྲིད་པ། ཆུ་འཐེན་འཕྲུལ་ཆས་སྒྲིག་སྦྱོར། མདོང་ལམ་བཟོ་བ་བཅས་བྱས་པས་ཆུ་འདྲེན་པའི་དཀའ་ངལ་བསལ་བ་དང་འབྲེལ་རྩི་ཤིང་སྐྱེ་འཚར་ཡང་ཡག་པོ་བྱུང་བ་རེད་ཅེས་བཤད།

    སྔོ་འགྱུར་སྙིང་སྟོབས་ཀྱི་མཐོ་ས་བཏོད་པ།

    ད་ཆའི་ཟི་ལིང་གི་ལྷོ་བྱང་རི་ལྡེབས་སུ་ཚང་ཚིང་ནགས་ཚལ་སྟུག་པ་དང་ཡལ་ག་རབ་ཏུ་རྒྱས་ཡོད། མཁའ་དབྱིངས་ནས་མར་བལྟས་ན། སྤྱི་ལེ་བཅུ་ལྷག་ཟིན་པའི་སྔོ་ལྗང་རི་བོ་ནི་ལག་གཉིས་བརྐྱངས་ནས་ཟི་ལིང་པང་དུ་བཏབ་པ་ཞིག་དང་འདྲ་བས་མུ་མཐའ་མེད་པའི་ཉེ་འཁོར་གྱི་སྐྱ་ཐེར་ཐེར་གྱི་རི་བོ་དང་ཡེ་ནས་འདྲ་ཡི་མེད། བྱེ་རླུང་ཆུང་དུ་སོང་བ་དང་འདམ་ཆུ་ཡང་ཉུང་དུ་ཕྱིན་ནས་ཟི་ལིང་གི་ཁོར་ཡུག་ལའང་གནམ་ས་བླ་འོག་འགྱུར་བ་ལྟ་བུ་བྱུང་བ་དང་། གསོ་རླུང་འབེལ་བ་དང་རྩི་ཤིང་མང་བས་གནམ་གཤིས་ཇེ་ཡག་ཏུ་ཕྱིན་ནས་མི་རྣམས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་པོར་གྱུར།

    “ད་ཆའི་ཟི་ལིང་སྐྱིད་ལ་ལྟ་ན་སྡུག་པ་ནི་བགྲང་བྱ་28རིང་མི་འབུམ་ཁ་ཤས་ཀྱིས་ཤིང་བཙུགས་པའི་འབྲས་བུ་ཡིན”ཞེས་ཀྲུའུ་ཧུང་ཅེས་གསར་འགོད་པར་བཤད་ཅིང་། ཁོང་གིས་1989ལོ་ནས་ད་བར་ཟི་ལིང་གི་ལྷོ་བྱང་རི་ལྡེབས་སུ་ནགས་ཚལ་ཁྱབ་ཚད་7.2%ནས་75%བར་འཕར་བ་དང་ནགས་ཚལ་མུའུ་ཁྲི་20ལས་བརྒལ་ནས་གྲོང་མི་རེར་ཆ་སྙོམས་སྤྱོད་ཆོག་པའི་རྒྱ་ཁྱོན་སྨི་ངོས་གྲུ་112ཟིན་ཡོད། 2015ལོའི་ཟླ་11པར་ཟི་ལིང་གྲོང་ཁྱེར་ཉིད་མཚོ་བོད་ས་མཐོའི“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”དང་པོར་གྱུར་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།