[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྨ་གཡང་ཕྱུག་མོ་རྩྭ་ཐང་ཐོག་གི་ཐུན་མོང་མ་ཡིན་པའི་རྟ་རྒྱུག་དུས་ཆེན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཟླ་བརྒྱད་པའི་ཟླ་སྟོད་དུ། སྐབས་གཉིས་པའི་གེ་སར་སེང་འབྲུག་ཕོ་བྲང་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་རྨ་གཡང་ཕྱུག་མོ་རྩྭ་ཐང་གི་གླིང་གི་རྟ་རྒྱུག་ཐང་དུ་གཏོང་འགོ་ཚུགས་ཤིང་། ནམ་མཁའ་གཡའ་དག་ལ་གཡུ་ཡི་མཎྜལ་ལྟར་གྱི་རྩྭ་ཐང་ཐོག་སྦྲ་གུར་ནམ་མཁའི་སྐར་ཚོགས་ས་སྟེང་དུ་བཀྲམ་པ་བཞིན་དུ་སྣང་། སྲོལ་རྒྱུན་གྱི་བོད་རིགས་གླུ་གར་འཁྲབ་སྟོན་དང་། གླིང་སྒྲུང་གྱེར་འདོན། རྟ་རྒྱུག གཡག་རྒྱུག་སོགས་ཀྱི་བྱེད་སྒོ་ལས་མི་རིགས་ཁག་གི་མང་ཚོགས་ཡིད་དབང་འཕྲོག་ནས་བྲལ་མི་ཕོད་པར་གྱུར།

    《གླིང་སྒྲུང》ཐོག་འཁོད་པ་གཞིར་བཟུང་། གེ་སར་རྒྱལ་པོ་རྟ་རྒྱུག་རྒྱལ་འཇོག་ལས་ཡོངས་སུ་རྒྱལ་ནས་གླིང་གི་རྒྱལ་པོར་བསྐོས་ཏེ། བོད་རིགས་ས་ཁུལ་དུ་བདེ་སྐྱིད་བསྐྲུན་པ་ལས་རྟ་རྒྱུག་དེ་བོད་རིགས་མང་ཚོགས་ཚོས་དགའ་ཤོས་བྱེད་པའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད། རྟ་པ་ཚོས་དཔའ་རྩལ་ཐོགས་མེད་འདོན་པས་ན་ལྟད་མོ་བ་ཚོས་མ་གྲོས་གཅིག་མཐུན་གྱིས་བོད་རིགས་ཁོ་ནར་ལྡན་པའི་འུར་སྒྲ་གྲགས་ཏེ་ཁོང་ཚོར་ངར་སློང་གི་ཡོད།

    ད་ལོ་ལོ་25ལ་སླེབས་པའི་རྟ་པ་ཚེ་ཐར་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་ནས་ཡིན་པ་དང་ན་ནིང་ནས་བཟུང་ཁོ་པས་རྟ་རྩལ་སྦྱངས། ད་ཐེངས་ཀྱི་འགྲན་བསྡུར་ནི་ཁོ་པའི་དངོས་འཐབ་དང་པོ་དེ་རེད། “རྟ་རྒྱུག་ནི་ང་ཚོའི་སྲོལ་རྒྱུན་གྱི་འགྲན་བསྡུར་ཞིག་ཡིན་ལ། ངའི་ཕས་ཚེ་གང་དོན་གཉེར་བྱེད་པའི་ཕུགས་རེ་ཡང་ཡིན། ཕ་ལོ་ཆུང་དུས་རྟ་པ་ཞིག་ཡིན་པ་དང་ལོ་50ལ་སླེབས་སྐབས་གཞི་ནས་རྟ་རྒྱུག་འགྲན་ར་ནས་ཁ་བྲལ། ད་ཆ་དེ་ངས་རྒྱུན་འཛིན་བྱས་པ་ཡིན”མཇུག་ཐིག་ལ་སླེབས་སྐབས་ཚེ་ཐར་རྒྱལ་གྱིས་རྟ་ནས་བབ་མ་ཐག་རང་ཉིད་ཀྱི་སྙིང་ནས་བརྩེ་བའི་འགྲན་རྟར་དཀར་གཙང་ཁ་བཏགས་ཤིག་གཡོག

    ཉི་མ་ནུབ་ཁར་རྨ་གཡང་ཕྱུག་མོ་རྩྭ་ཐང་དུ་ད་དུང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། སྙན་འཇེབས་ལྡན་པའི་བོད་གཞས་དང་བསྟུན་ནས་རྟ་པ་ཚོས་སླར་ཡང་རྟ་བཞོན་ཏེ་ལྟད་མོ་བ་ཚོའི་དགའ་འབོད་འོག་རང་ཉིད་ཀྱི་སྦྲག་གུར་ནང་ལོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།