[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་སྲན་རིགས་འདེབས་འཛུགས་བྱས་ན་མཐོ་གྲང་ཁུལ་གྱི་རྩྭ་ར་ཉམས་ཞན་དུ་གྱུར་པའི་གནད་དོན་ཐག་གཅོད་ལ་ཕན་པ་ཡོད་པའི་ངོས་འཛིན་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ནས་ཤེས་རྟོགས་བྱས་པར། ཚན་རྩལ་པུའུ་ཡི་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཆེད་དོན་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་མཚོ་སྔོན་སློབ་ཆེན་གྱི་ཚན་ཞིབ་མི་སྣ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལྷག་ཙམ་གྱིས་མཉམ་ལས་བྱས་ཏེ་གཙང་གསུམ་ཆུ་འགོའི་མཐོ་གྲང་རྩྭ་རར་སྲན་རིགས་ཚོད་འདེབས་བྱས་ནས་རྩྭ་ར་ཉམས་ཞན་དུ་གྱུར་བའི་གནད་དོན་ཐག་གཅོད་བྱེད་པར་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་ནས་བཟུང་། མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་གི་ཚན་ཞིབ་ཚོགས་པ་དང་ནེའུ་ཙི་ལན་དང་། ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་གྱིས་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་རྩྭ་ར་ཉམས་ཞན་དུ་གྱུར་བའི་གནད་དོན་ལ་དུས་ཡུན་ལོ་གསུམ་གྱི་མཉམ་ལས་ཞིབ་འཇུག་བྱས་པས་མིག་སྔར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།

    “ཞིབ་འཇུག་འབྲས་བུ་ལས་མངོན་དོན། ཕྱུགས་འཚོ་ཐལ་དྲགས་པ་དང་འབྲོག་ལས་ཐོན་ཟོག་ཕྱིར་འཚོང་ལས་ས་རྒྱུའི་སྐྱེ་ལྡན་ཐཱན་གྱི་འདུས་ཚད་དང་ཆོན་ཏན་གྱི་འདུས་ཚད་དམའ་རུ་ཕྱིན་ནས་རྩྭ་སའི་འཚོ་བཅུད་དོ་སྙོམས་པོ་མེད་པ་ནི་མཚོ་བོད་ས་མཐོའི་མཐོ་གྲང་ཁུལ་གྱི་རྩྭ་ར་ཉམས་ཞན་དུ་གྱུར་རྐྱེན་གཙོ་བོ་དེ་རེད”ཅེས་མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལི་ཤིའི་ལའེ་ཡིས་བཤད།

    རྩྭ་སའི་འཚོ་བཅུད་དོ་སྙོམས་ཡོང་ཆེད། ཚན་ཞིབ་མི་སྣས་ས་བབ་སྨི་3000ཡན་གྱི་མཐོ་གྲང་ཁུལ་གྱི་རྩྭ་རར་དམིགས་ས་ལྡན་པའི་སྒོ་ནས་སྲན་རིགས་སྣ་ཁ་18བཏབ་པ་རེད། སྲན་རིགས་རྩ་བས་མཁའ་རླུང་ཁྲོད་ཀྱི་ཏན་རྩི་ཤིང་གིས་བསྡུ་ལེན་ཐུབ་པའི་འཚོ་བཅུད་ཏན་ལ་གྱུར་ནས་ས་རྒྱུའི་གཤིན་ཏུ་འགྲོ་གི་ཡོད་པ་རེད།

    “འདི་ལོ་ཚོད་འདེབས་བྱས་པའི་ཁྲོད་སྣ་ཁ་6དགུན་སྒྲོལ་ཐུབ་པ་དང་དེའི་ནང་ནེའུ་ཙི་ལན་ཀའོ་ཅ་སུའོ་ཡི་རྩྭ་འདབ་གསུམ་མ་སྐྱེ་འཚར་ལེགས་ཤོས་བྱུང་ནས་ཟླ་བ་དགུ་པ་ནས་བཟུང་རྒྱུད་སྤེལ་བྱས་ཟིན”ལི་ཤིའི་ལའེ་ཡིས་ཀའོ་ཅ་སུའོ་ཡི་རྩྭ་འདབ་གསུམ་མས་ས་རྒྱུར་འཚོ་བཅུད་བསྣན་ནས་ཕྱུགས་རིགས་ལ་གཟན་རྩྭ་མཁོ་འདོན་ཐུབ་པ་མ་ཟད། ད་དུང་ས་རྒྱུར་འཚོ་བཅུད་ཏན་བསྣན་རྗེས་དེ་སྔའི་ཕྱུགས་རྩྭའི་སྐྱེ་འཚར་ལེགས་སུ་འགྲོ་གི་ཡོད་ཅེས་བཤད།

    རྣམ་གྲངས་དེའི་འགན་འཁུར་བ་མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་གི་ཡོན་ཀྲང་ལི་ཙུང་རེན་གྱིས་སྲན་རིགས་འདེབས་རྒྱ་ཆེ་རུ་གཏོང་ཐུབ་ཚེ། གཙང་གསུམ་ཆུ་འགོའི་མཐོ་གྲང་རྩྭ་རའི་འཚོ་བཅུད་སླར་གསོར་ཕན་ནས་གཙང་གསུམ་ཆུ་འགོའི་ཉམས་ཞན་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་དང་ལེགས་སུ་གཏོང་བར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།