[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀན་ལྷོའི་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་གཞོན་ནུས་གྲོང་ཚོར་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-03

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་སྦྲ་རྫོང་ཤང་མཚོ་ཏི་གྲོང་ཚོའི་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན“ཉིས་སྟོང་ལོའི་རྗེས་སྐྱེས”དང“གོ་ལྔ་ལོའི་རྗེས་སྐྱེས”གཞོན་ནུ་མང་པོ་ཞིག་གིས་རི་ཁུག་གི་གྲོང་སྡེ་ཆུང་ཆུང་དེར་གཞན་དང་མི་འདྲ་བའི་དཔྱིད་གསར་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད། ལོ་གསར་ཚེས་1ནས་འགོ་བཙུགས་ཏེ་གྲོང་ཚོའི“གཞིས་སྲུང་སྐྱེད་མ”རྣམས་སྒྲིག་འཛུགས་བྱས་ནས་སྒྲིག་བཟོ་ཞིབ་ཚགས་བྱས་པའི་ལེ་ཚན་30ལྷག་ཙམ་དཔེར་ན་གླུ་གཏོང་བ་དང་། ཆང་གླུ་ལེན་པ། སྒོར་གཞས་འཁྲབ་པ་བཅས་བྱས་པ་རེད།

    ལོ་15ལ་སླེབས་པའི་མཁའ་འགྲོ་ཚེ་རིང་གི་དྲན་ཤེས་སུ་ལོ་གསར་འཆར་རིམ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པའི་དགའ་ཉེ་སྤུན་མཆེད་ཚང་མ་གྲོང་སྡེ་ཆུང་ཆུང་དེར་འཛོམས་ནས་དུས་རྒྱུན་བྱ་སྐད་དང་ཁྱི་སྐད་ལས་ཐོས་རྒྱུ་མེད་པའི་གྲོང་སྡེ་དེ་ཡུད་ཙམ་རིང་འཁྲུག་ཆ་དོད་དུ་འགྲོ་ཡི་ཡོད། འོན་ཏེ་ལོ་འཁོར་མོར་ཕྱི་རུ་གླ་པ་རྒྱུགས་ནས་ལས་ཀར་བྲེལ་བཞིན་པ་དང་གྲོང་ཁྱེར་དུ་གླ་པ་བརྒྱུགས་མཁན་གྱི་ཕ་མེས་ཚོས་ལོ་གསར་ལ་ཁྱིམ་དུ་ལོག་ནས་སྦག་རྒྱག་པ་དང་ཆང་རག་ཁོ་ན་བཏུངས་ནས་ལོ་གསར་གཏོང་གི་ཡོད།

    “ད་ལྟ་དངུལ་གསོག་པར་ལས་སླ་པོ་མེད། གྲོང་ཚོར་ལོག་ནས་མཚན་གང་སྦག་བརྒྱབ་ནས་སུ་ཕམ་ཚེ་ལོ་གསར་ཡང་སྐྱིད་པོ་ཞིག་གཏོང་རྒྱུ་མེད། གོམས་སྲོལ་དེ་འདྲ་དངོས་གནས་ཡག་པོ་མ་རེད། ང་ཚོའི་ཁྲོད་ཀྱི་ཕྲུ་གུ་མང་པོ་ཞིག་ཁྱིམ་ཚང་གི་ཉམས་མྱོང་དེ་འདྲ་བའི་གནོད་འཚེ་ཕོག་མཁན་ཞིག་རེད”ཅེས་གྲོང་མི་ཀྲི་ལན་གྱིས་བཤད། ཁོང་གིས་གྲོང་ཚོའི་ཕྲུ་གུ་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་གྲོང་གསེབ་ཀྱི་སྲོལ་ངན་དེ་དག་བསྒྱུར་བ་དང་ཆབས་ཅིག“ནང་མི་མཉམ་འཛོམས་དཀའ་བའི་གྲོང་གསེབ་ཀྱི་ཁྱིམ་ཚང་ཚང་མར”སྐྱོན་བྲལ་དང་། གུ་ཡངས། མཛེས་སྡུག་བཅས་ལྡན་པའི་ལོ་གསར་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་བཤད།

    འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་གྲོང་ཚོའི་གཞོན་ནུ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕ་མེས་སྐབས་ཀྱི་གོམས་སྲོལ་ངན་པར་འགྱུར་ལྡོག་བཏང་སྟེ་ཡུལ་མི་སྤུན་མཆེད་ཚོར“ལོ་གསར་གཏོང་སྟངས་གསར་པ”ཞིག་བཏོད་པ་རེད། དེར་བརྟེན་གྲོང་ཚོ་དེའི་ཕྱིར་ལས་ཀ་བྱེད་མཁན་ཚོས་ཀྱང“བྱེད་སྒོའི་འགྲོ་གྲོན”བཏང་བ་རེད།

    ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་མཚམས་མོ་དབྱངས་ཅན་གྱིས་ཕ་ཡུལ་དུ་ཕྱིར་ལོག་ནས་ལོ་གསར་གཏོང་སྐབས་གྲོང་སྡེ་དེའི“ཉིས་སྟོང་ལོའི་རྗེས་སྐྱེས”ཕྲུ་གུ་ཚོས་བཏོད་པའི་བསམ་བློའི“གསར་བརྗེའི”བདེན་དཔང་བྱས་པར་ཧ་ཅང་དགའ་པོ་བྱུང་ཡོད། “གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་གྲོང་གསེབ་ཀྱི་གོམས་སྲོལ་ངན་པ་སྒྱུར་བ་ནས་འགོ་འཛུགས་དགོས། ཕྲུ་གུ་དེ་དག་དེ་གར་སྐྱེས་པ་དང་དེ་གར་འཚར་ལོངས་བྱུང་བས་ཁོང་ཚོ་སློབ་སྦྱོང་བྱེད་པར་བསྐྱོད་དེ་སླར་ཡང་ཕ་ཡུལ་དུ་ལོག་སྐབས་ཁོ་ཚོས་གནད་དོན་གང་དུ་ཡོད་པ་དང་འགྱུར་ལྡོག་ཇི་ལྟར་གཏོང་དགོས་ལུགས་གསལ་པོ་ཤེས་ཀྱི་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།