[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཡུལ་སྐོར་ལས་རིགས་དེ་ཉིད་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་མི་དམངས་མང་ཚོགས་ཀྱིས་དེ་བས་བློ་ཡིད་ཚིམས་པོ་བྱེད་པའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཐོན་ལས་ལ་སྐྱེད་སྲིང་བྱས་ཏེ་མཚོ་སྔོན་ཞིང་ཆེན་དེ་ཉིད་ཡུལ་སྐོར་གྱི་གྲགས་ཅན་ཞིང་ཆེན་ནས་ཡུལ་སྐོར་གྱི་ཞིང་ཆེན་ཆེན་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས《ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་2020ལོར་སླེབས་སྐབས་ས་ཁོངས་ཧྲིལ་པོར་སྤྱི་འདོམས་འཆར་འགོད་དང་། ས་ཁོངས་ཧྲིལ་པོར་ལུགས་མཐུན་བཀོད་སྒྲིག ས་ཁོངས་ཧྲིལ་པོའི་སྤྱི་ཡོངས་གཉེར་འཚོང་། ས་ཁོངས་ཧྲིལ་པོའི་ཞབས་ཞུ་མཐོར་གཏོང་བཅས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མ་ལག་ཅིག་རགས་ཙམ་ཆགས་པར་བྱ་རྒྱུ་དང་། 2025ལོར་སླེབས་སྐབས་ཡུལ་སྐོར་གྱིས་སྣེ་ལེན་ཞུ་བའི་མི་གྲངས་བསྡོམས་འབོར་མི་ཐེངས་དུང་ཕྱུར་1དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ་བྱས་ཏེ་ཡུལ་སྐོར་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་དང་ཡུལ་སྐོར་གྱི་ཞིང་ཆེན་ཆེན་པོའི་གྲལ་དུ་སླེབས་པ་བྱ་རྒྱུ་ཡིན་པ་རེད།

    《བསམ་འཆར》ནང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཀྲོའུ། མུན་ཡོན་རྫོང་། བཀའ་མ་ལོག་རྫོང་། དགོན་ལུང་རྫོང་བཅས་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་6འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། 2020ལོར་སླེབས་སྐབས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་10ཟིན་པ་བྱ་རྒྱུའི་ཁྲོད་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་5ཡན་ཟིན་པ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ་རང་བྱུང་སྣོད་བཅུད་རྣམ་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་སྔོན་དུ་འཚོལ་ཞིབ་དང་། ཡུལ་སྐོར་སྣོད་བཅུད་ཁོར་ཡུག་གི་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་སྐྱོང་། ཡུལ་སྐོར་གྱི་དམིགས་ས་དང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གི་ཤོང་ཚད་ཁྱབ་བསྒྲགས་ཀྱི་ལམ་ལུགས་འཐུས་ཚང་བཅས་ཡོང་བ་བྱས་ཏེ། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ་དང་། 《མཚོ་སྔོན་གྱི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད》བཟོས་ཏེ་རྒྱལ་ཁབ་སྤྱི་གླིང་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རང་བྱུང་སྲུང་སྐྱོང་ཁུལ་སོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་འཁྱམ་རྩེད་ངལ་གསོའི་ཁུལ་དུ་སྣོད་བཅུད་ཡུལ་སྐོར་སྒྲིག་འཛུགས་བྱས་ནས་2020ལོར་སླེབས་སྐབས་ཞིང་ཆེན་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ་10འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    《བསམ་འཆར》ནང་སྤུས་རྟགས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཟམ་མི་ཆད་པར་བཏོད་དེ་མདོ་ལ་རིང་མོ·ཨ་མྱེས་སྟོང་སོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི་མཛེས་ལྗོངས་ཁུལ། ཚྭ་ཁའི་མཛེས་ལྗོངས་ཁུལ། ཟི་ལིང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་གང་མགྱོགས་སྤེལ་དགོས། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་བྱ་ཡུལ་4000ཟིན་པ་དང་། སྐར་མ་རིམ་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་བྱ་ཡུལ་1200ཟིན་པ། ཞིང་ཆེན་རིམ་པའི་སོས་དལ་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས་150ཟིན་པར་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།