[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀན་སུའུ་ཡིས།

    བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སློབ་མ་ཆིག་ཁྲི་ལྷག་ཙམ་གྱི་སློབ་ཡོན་རྩ་ཆག་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཁྲོམ་རའི་དགོས་མཁོ་དང་ངལ་རྩོལ་ལས་ཞུགས་ཟུང་དུ་འབྲེལ་བའི་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་མ་ལག་རགས་ཙམ་བཙུགས་ནས་བོད་རིགས་ས་ཁུལ་གྱི་ཕྲུ་གུ་སློབ་གྲྭར་འགྲོ་ཐུབ་པ་དང་། ལག་རྩལ་སྦྱོང་ཐུབ་པ། རེ་བ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ལ་རོགས་སྐུལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས“ཀྲོའུ་གཅིག་ལ་སློབ་གྲྭ་གཅིག”གི་འཆར་འགོད་ལ་གཞིགས་ཏེ་ཐོན་ཁུངས་བསྡུ་སྒྲིལ་བྱས་ཐོག་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་རིགས་ས་ཁུལ་གྱི་དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བཏང་བ་རེད།

    ཀན་ལྷོ་ཀྲོའུ་ཡིས་ལོ་ལྔའི་རིང་གྲ་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད། 2017ལོར་ཀན་སུའུ་དགེ་འོས་སློབ་གྲྭ་དང་། ཀན་ལྷོ་ཀྲོའུ་བོད་རིགས་ཕྱོགས་བསྡུས་ཆེད་ལས་སློབ་གྲྭ ཀན་ལྷོ་ཀྲོའུ་འབྲོག་ལས་སློབ་གྲྭ་བཅས་སློབ་གྲྭ་གསུམ་ཀན་ལྷོ་ཀྲོའུ་འབྲིང་རིམ་ལས་རིགས་སློབ་གྲྭར་བསྡུ་སྒྲིལ་བྱས་ཡོད། དཔའ་རིས་རྫོང་གིས་དེ་སྔའི་དཔའ་རིས་རྫོང་ལས་རིགས་སློབ་འབྲིང་དང་དཔའ་རིས་མི་རིགས་དགེ་འོས་སློབ་གྲྭ་གཉིས་དཔའ་རིས་རྫོང་ལས་རིགས་སློབ་གསོའི་ལྟེ་གནས་ལ་ཟླ་སྒྲིལ་བཏང་བ་རེད།

    དེ་དང་ཆབས་ཅིག་ཀན་སུའུ་ཡིས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཏེ་སློབ་མ་སློབ་མཐར་ཡོང་བ་བྱས་ཤིང་། 2011ལོ་ནས་བཟུང་འབྲིང་རིམ་ལས་རིགས་སློབ་གྲྭའི་སྒྲིག་གཞི་སྒྲིག་བཟོའི་ཚད་གཞི་དང་ཞིང་ཆེན་ཐད་གཏོགས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ཆ་སྙོམས་གྲོན་དངུལ་ཚད་གཞི་སྔ་རྗེས་སུ་བཏོན་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭར་སྔ་སྣུར་དུ་སློབ་ཡོན་རྩ་ཆག་བཏང་ནས་སློབ་མ“སློབ་གྲྭར་སྐྱོད་ཐུབ་པ་དང་། སློབ་མ་ཉར་ཐུབ་པ། ཡག་པོ་སྡོད་ཐུབ་པ། སློབ་སྦྱོང་ཡག་པོ་ཐུབ་པ”བཅས་ཀྱི་འགན་ལེན་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཀན་ལྷོ་ཀྲོའུ་བོད་རིགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་མ་12741གི་སློབ་ཡོན་རྩ་ཆག་བཏང་ཞིང་། སློབ་ཡོན་རྩ་ཆག་གཏོང་ཚད་ཁྱོན་སྒོར་ཁྲི་1273.24ཟིན་པ་དང་། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་5386གི་སློབ་ཡོན་རྩ་ཆག་བཏང་ཞིང་། སློབ་ཡོན་རྩ་ཆག་གཏོང་ཚད་ཁྱོན་སྒོར་ཁྲི་3018ཟིན་པ། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་947.36གཤམ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།