[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་འབྲི་ཆུའི་ཆུ་འགོའི་གྲོང་ཚོས་མཐུན་སྒྲིལ་ཡར་བརྩོན་གྱིས་བདེ་སྐྱིད་འཚོ་བའི་ལེའུ་གསར་པ་བརྩམས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡ་ཧྥང་གིས།    |    སྤེལ་དུས།   2018-10-10

    ནོར་བུ་བསམ་གྲུབ་ཀྱིས་ད་ཆའི་བྲེལ་བརྩོན་ཆེ་བའི་འཚོ་བར་དགའ་ཞེན་ཆེན་པོ་བྱེད་ཅིང་། རང་ཁྱིམ་གྱི་ཟ་ཁང་ཆུང་ཆུང་གཉེར་སྐྱོང་དང་ཁྱིམ་གྱི་ནང་མི་རྒན་གཞོན་ལ་ལྟ་རྟོག་བྱེད་པ་ཕུད། གུང་ཁྲན་ཏང་ཡོན་དང་། འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྩྭ་ཐང་བདག་སྐྱོང་བ་བཅས་ཡིན་པའི་ཆ་ནས་ད་དུང་ཁོང་གིས་གྲོང་ཚོའི་དོན་དག་ཆེད་དུ་ཕར་རྒྱུག་ཚུར་རྒྱུག་གིས་ཡུལ་མི་རྣམས་ལ་དཀའ་ངལ་སེལ་རོགས་དང་། རྩྭ་ཐང་ལ་སྐོར་ཞིབ། གད་སྙིགས་སྒྲུག་པ་སོགས་ཀྱི་ལས་སྣ་ཚོགས་སྒྲུབ་ཀྱི་ཡོད།

    “ད་ཆ་སྔོན་ཆད་བཞིན་རི་སྟེང་དུ་ནོར་ལུག་འཚོ་སྐབས་ཀྱི་རང་དབང་བག་ཕེབས་མེད་རུང་། ཕུན་སུམ་ཚོགས་པའི་ཚོར་སྣང་དང་ཐོབ་ཚོར་ཞིག་ཡོང་གི་འདུག”ཅེས་ནོར་བུ་བསམ་གྲུབ་ཀྱིས་བརྗོད།

    ལོ་44ལ་སླེབས་པའི་ནོར་བུ་བསམ་གྲུབ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་ནས་ཡིན་པ་དང་། 2004ལོའི་ཟླ་11པར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཞུ་ཆེད། ནོར་བུ་བསམ་གྲུབ་ཀྱི་ནང་མི་ཆ་ཚང་ཚུད་པའི་འབྲོག་དུད་128ཀྱིས་ཕྱུགས་འཚོ་མཚམས་བཞག་ནས་མི་རབས་ནས་མི་རབས་བར་འཚོ་གནས་བྱེད་སའི་འབྲི་ཆུའི་ཆུ་འགོ་ནས་བྲལ་ཏེ་གོར་མོ་གྲོང་ཁྱེར་གྱི་གྲོང་འདབས་སུ་གནས་པའི་ཁྱིམ་གཞིས་གསར་པ་འབྲི་ཆུའི་ཆུ་འགོའི་གྲོང་ཚོར་སྤོས་པ་རེད། རི་སྟེང་ནས་རི་འདབས་སུ་བབས་པ་དང་། འབྲོག་པ་ནས་གྲོང་མིར་གྱུར་ཏེ་ཁོང་ཚོ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་། ཆུ་དང་གློག་ཤར་གཏོང་ཐུབ་པའི་སྡོད་ཁང་གསར་པའི་ནང་བསྡད་དེ་འབྲི་ཆུའི་ཆུ་འགོའི་གྲོང་ཚོར་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།

    ཡིན་ནའང་། འབྲོག་པ་མང་ཚོགས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་སྟབས་རྩྭ་ཐང་དང་བྲལ་ནས་གྲོང་ཁྱེར་གྲོང་རྡལ་དུ་ཡོང་སྐབས་ཤེས་བྱ་དང་རྩལ་ནུས་མི་འདང་བས་ཇི་ལྟར་བྱས་ཏེ་བདེ་སྡོད་ལས་བརྩོན་ཐུབ་པ་བྱེད་དགོས་སམ།

    འབྲོག་པ་མང་ཚོགས་རྣམས“སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་པ”བཅས་བྱ་ཆེད། གོར་མོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལག་ཤེས་འཁལ་འཐག་དང་། གཡོས་སྦྱོར། རླངས་འཁོར་གཏོང་སྟངས་དང་ཉམས་བཟོ། ངོ་གདོང་དང་སྐྲ་མཛེས་བཟོ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་མང་པོ་གཉེར་ནས་འབྲོག་པ་མང་ཚོགས་ཚོས་རྩལ་ནུས་ཤེས་རྗེས་གླ་པ་རྒྱུག་པ་དང་ལས་གཏོད་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད། དེ་དང་ཆབས་ཅིག“ཕྱིར་སྐྱོད་པ་དང་། ནང་དུ་གདན་འདྲེན་པའི”བྱ་ཐབས་སྤྱད་དེ་མི་རིགས་ཁག་དབར་འགྲོ་འོང་མཉམ་འདྲེས་དང་སློབ་སྦྱོང་སྤེལ་རེས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།

    “རྒྱ་རིགས་སྤུན་ཟླའི་ས་ནས་འཛུགས་སྐྲུན་དང་མཛེས་བཟོ་སྦྱོང་བ་དང་། ཧུད་རིགས་སྤུན་ཟླའི་ས་ནས་ནོར་ལུག་རྒྱགས་གསོ་བྱེད་སྟངས་སྦྱོང་བ། སོག་རིགས་སྤུན་ཟླའི་ས་ནས་དོ་དམ་ཉམས་མྱོང་སྦྱོང་བ་སོགས་བྱེད་ཀྱི་ཡོད”ཅེས་གདང་ལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲོའུ་ཡོན་གྱིས་བརྗོད་པ་དང་། ཁོང་གིས་མི་རིགས་ཁག་དབར་ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ནས་ལས་སྒྲུབ་ལས་གཏོད་བྱེད་པའི་མང་ཚོགས་ཚོའི་ཧུར་སེམས་སྐོང་འཐེན་ཐུབ་ཡོད་ལ། ཚང་མས་གྲོང་ཚོ་དང་གྲོང་རྡལ་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཀྱི་ཡོད་ཅེས་བརྗོད།

    “གསོ་སྦྱོང་འཛིན་གྲྭའི་ཐོག་ངས་རླངས་འཁོར་གཏོང་སྟངས་ཤེས་བྱུང་། སྐྱེལ་འདྲེན་ལས་ལ་ཞུགས་པས་ཡོང་འབབ་མང་པོ་རག་བྱུང”ཞེས་ནོར་བུ་ཚེ་རིང་གིས་བརྗོད་པ་དང་། ཁོ་བོས་དེ་སྔ་ནོར་ལུག་འཚོ་སྟངས་ཤེས་པ་ལས་རྩལ་ནུས་གཞན་དག་ཤེས་ཀྱི་མེད། གསོ་སྦྱོང་ནང་ཁོ་བོས་རླངས་འཁོར་གཏོང་སྟངས་ཤེས་རྗེས། ཁོ་བོས་འཛུགས་སྐྲུན་ལས་ཡུལ་དུ་སྐྱེལ་འདྲེན་ལས་ལ་གཞོལ་བས་ཟླ་རེར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད། ལོ་ཁ་ཤས་རིང་ཡོང་འབབ་གསོག་འཇོག་ཐུབ་པས་ནོར་བུ་ཚེ་རིང་གིས་ཚོང་དོན་ཀུང་སི་ཆུང་ཆུང་ཞིག་བཙུགས་ནས་ཉིན་མཁོའི་ཚོང་ཟོག་སྣ་ཚོགས་ཚོང་གཉེར་དང་ནོར་ལུག་བཙོངས་པས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ལ། གྲོང་མི་དེ་བས་མང་བ་ཕྱིར་རྩལ་ནུས་སྦྱོང་བར་བསྐྱོད་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།

    ནོར་བུ་ཚེ་རིང་དང་འདྲ་བར་རྩལ་ནུས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་གྲོང་མི་ད་དུང་ཧ་ཅང་མང་པོ་ཡོད་པ་རེད། འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་ཆིན་ཏ་ཡུན་གྱིས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་གྲོང་མི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་ནས་སྐྱེལ་འདྲེན་དང་། ཚོང་དོན། བཟའ་བཏུང་། ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཀྱི་ལས་རིགས་ནང་ཞུགས་ཡོད། 2017ལོར། གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་བབ་སྒོར་ཁྲི་2.2ལྷག་ཙམ་ཟིན་ཡོད་པ་དང་། དེ་ནི་གནས་སྤོས་མ་བྱས་གོང་གི་ཡོང་འབབ་ཀྱི་ལྡབ་10ལྷག་ཙམ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།