[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • གངས་འཁྱགས་ལུས་རྩལ་གྱིས་ས་མཐོའི་དགུན་དུས་ལ་དྲོ་སྐྱིད་འཕར་མ་སྦྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡ་ཕང་།    |    སྤེལ་དུས།   2018-12-05

    གངས་ཤུད་སོགས་དགུན་དུས་ལུས་རྩལ་བྱེད་སྒོས་ས་མཐོར་དྲོ་སྐྱིད་ཀྱི་རྣམ་པ་ཞིག་སྦྱིན་བཞིན་ཡོད།

    ཉིན་ཤས་གངས་བབས་རྗེས། མཚོ་སྔོན་གྱི་ནམ་མཁའ་གཡའ་དག་ལ་གྲང་ངར་ཆེ་ཞིང་། ས་མཐོའི་མི་རྣམས་ཀྱིས་དེ་སྔོན་ལྟར་ཁང་པའི་ནང་འཛུལ་ནས་མ་བསྡད་པར་ཕྱི་ལ་ཐོན་ཏེ་འཁྱགས་ཤུད་གངས་ཤུད་གློད་སར་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པར་བསྐྱོད།

    ལོ་37ལ་སླེབས་པའི་ཚའོ་ཅིན་ཅུན་གྱིས་གསར་འགོད་པར“ང་ཕྱི་ལོགས་ཀྱི་ལུས་རྩལ་བྱེད་སྒོར་དགའ་པོ་ཡོད། གངས་ཤུད་གློད་ནས་ལོ་གཉིས་ལས་འགྲོ་གི་མེད། གངས་ཤུད་ལ་སྔ་ས་ནས་རྒྱུས་མངའ་ཡོད། གངས་ཤུད་གློད་དགོས་བསམ་ཡང་། མཚོ་སྔོན་དུ་གངས་ཤུད་གློད་ས་ཉུང་ཉུང་ཡིན་པ་མ་ཟད། གངས་ཤུད་སློབ་མཁན་གྱི་དགེ་རྒན་ཡང་ཉུང་ཉུང་རེད། དེ་སྔ་དགུན་དུས་ཕྱི་ལོགས་ཀྱི་ལུས་རྩལ་མང་པོ་ཞིག་སྤེལ་མི་ཐུབ་པས་ཁྱིམ་དུ་ངལ་གསོས་ནས་སྡོད་ཀྱི་ཡོད”ཅེས་བཤད།

    “དེ་སྔ་ཤིན་ཅང་དུ་གངས་ཤུད་གློད་པར་འགྲོ་དགོས་བསམ་བྱུང་། ཡིན་ནའང་ལམ་ཐག་རིང་བ་དང་མ་གནས་མཐོ་བས་ཕྱིན་མེད། མཚོ་སྔོན་དུ་ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་རི་ཀླུང་ཡོད་མོད། འོན་ཀྱང་གངས་འཁྱགས་ཀྱི་རྣམ་པར་རོལ་མྱོང་མེད། དགུན་དུས་སུ་འཁྱགས་པ་ཐེབས་པའི་སྤྱི་གླིང་གི་མཚེའུ་ཡི་སྟེང་འཁྱགས་ཤུད་གློད་རྒྱུ་དེ་སྤྲོ་སྣང་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན”ཞེས་ཚའོ་ཅིན་ཅུན་གྱིས་བཤད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་མི་དུང་ཕྱུར་3དགུན་དུས་ལུས་རྩལ་ནང་ཞུགས་རྒྱུའི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་གངས་ཤུད་གློད་ས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་གངས་ཤུད་ལུས་རྩལ་གྱི་རྩལ་ཁྲིད་པའང་གསོ་སྐྱོང་བྱས་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་དགུན་དུས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་བར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་དགུན་དུས་ལུས་རྩལ་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    ད་ཆ་མཚོ་སྔོན་དུ་གངས་ཤུད་གློད་ས་10ལྷག་ཙམ་ཡོད་པ་དང་། གངས་ཤུད་གློད་ས་སྒོ་ཕྱེ་བར་བརྟེན་མང་ཚོགས་དེ་བས་མང་པོ་ཞིག་ལུས་རྩལ་དེ་རིགས་ནང་ཞུགས་པའི་གོ་སྐབས་ཐོབ་ཡོད། མཚོ་སྔོན་ཆུས་ཐན་རྒྱལ་སྤྱིའི་གངས་ཤུད་ཁང་གི་ཅིང་ལི་མཱ་ཅི་ཁྲེང་གིས་གསར་འགོད་པར་འདི་ལོའི་དགུན་ཁར་ཉིན་ལྟར་གངས་ཤུད་གློད་པར་ཡོང་མཁན་མི་800ཙམ་འདུག རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་གངས་ཤུད་གློད་ས་ཡག་ཏུ་བཏང་བ། གངས་ཤུད་ཀྱི་རྣམ་གྲངས་མང་དུ་བཏང་བ་བཅས་བྱས་པ་བརྒྱུད། དེ་གར་ཡོང་མཁན་རྒན་རྒོན་དང་ཕྲུ་གུ་ཡང་མང་པོ་ཡོད་ཅེས་བཤད།

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་དུས་མཚོ་སྔོན་དུ་རྒྱལ་སྤྱིའི་འཁྱགས་ལྟིར་འགྲན་བསྡུར་རྩེ་གྲ་སྐབས་གསུམ་པ་དང་རྨ་ཆུ་བརྒལ་བའི་ཚད་བརྒལ་འགྲན་བསྡུར་བརྩེ་གྲ་སྐབས་དགུ་པ་སོགས་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། མང་ཚོགས་དེ་བས་མང་པོ་ཞིག་དགུན་དུས་ལུས་རྩལ་ནང་ཞུགས་ཐུབ་པ་བྱུང་བ་མ་ཟད། ལུས་རྩལ་བྱེད་སྒོ་བརྒྱུད་རང་ཉིད་ཀྱི་གཟུགས་པོར་ཡང་སྦྱོང་བརྡར་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།