[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྔ་པ་ཀྲོའུ་ཟུང་ཆུ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-03

     སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ཀྲོའུ་རིམ་པའི་དབུལ་སྒྲོལ་ཞིབ་བཤེར་རྩིས་ལེན་བྱེད་སྐབས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་སྟེ། 2018ལོར་དབུལ་སྒྲོལ་གྱི་འཆར་གཞི་ཡོད་པའི་གྲོང་ཚོ་དབུལ་པོ་48ཀྱི་དུད་ཚང་2015ཡི་མི་འབོར་དབུལ་པོ་7566ཚང་མ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ་དང་། དབུལ་པོར་གྱུར་ཚད་13.5%ནས་0.45%བར་ཆག་པས་རྫོང་དབུལ་པོ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད་པ་རེད།

    ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཞིག་ཡིན་པའི་ཟུང་ཆུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་རྫོང་45ཡི་གྲས་ཤིག་རེད། ཟུང་ཆུ་རྫོང་གི་གྲོང་ཚོ་དབུལ་པོ་མང་ཆེ་བ་རི་ཁུག་ནས་འབྲོག་ཁུལ་གྱི་བར་མཚམས་སུ་ཆགས་ཡོད་པ་དང་གྲོང་ཚོ་དབུལ་པོ་ཐག་རིང་ཤོས་དེ་ཡང་ཟུང་ཆུ་རྫོང་དང་བར་ཐག་སྤྱི་ལེ་305ཡོད། རྫོང་ཡོངས་སུ་ཤང་དང་ཤང་དབར་དང་། གྲོང་ཚོ་དང་གྲོང་ཚོའི་དབར་གྱི་ཐོན་ཁུངས་ཆ་རྐྱེན་གྱི་ཧེ་བག་ཆེན་པོ་ཡོད་པས་འཕེལ་རྒྱས་དོ་སྙོམས་པོ་མེད། དེས་མ་ཚད་དུད་ཚང་དབུལ་པོ་ཁག་གཅིག་གི་ལྟ་བ་རྗེས་ལུས་ཐེབས་པ་དང་། འཕེལ་རྒྱས་གཏོང་བའི་ཐབས་བཟང་མེད་པ། ཐོན་ལས་ཀྱི་རྨང་གཞི་ཞན་པ་བཅས་ཡོད། ཇི་ལྟར་བྱས་ནས་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐོན་ལས་ཡག་པོ་ཞིག་འཕེལ་རྒྱས་གཏོང་རྒྱུ་དེ་ཟུང་ཆུ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་དང་པོར་གྱུར་ཡོད།

    དེར་བརྟེན་ཟུང་ཆུ་རྫོང་གིས་ས་ཁོངས་ཐད་ནས་སྣོད་བཅུད་ཞིང་འབྲོག་ལས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཆར་འགོད་བྱས་པ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། “གཞན་བརྟེན་རྣམ་པའི”དབུལ་སྐྱོར་ནས་སྣ་མང་ཅན་གྱི“རང་བརྟེན་རྣམ་པའི”དབུལ་སྐྱོར་ལ་གཞན་སྒྱུར་བྱས་ཡོད། ན་ནིང་རྫོང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1574ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ནས་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་གི་མགྱོགས་ལམ་ཐོག་བསྐྱོད་ཡོད།

    ས་ཁོངས་འཕེལ་རྒྱས་དོ་མི་སྙོམས་པའི་གནད་དོན་ལ་དམིགས་ནས། 2014ལོ་ཚུན་དུ་ཟུང་ཆུ་རྫོང་གིས“ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད”ཅེས་པའི་རོགས་སྐྱོར་འདུ་འགོད་ལག་བསྟར་བྱས་ཏེ་ཤང་སྟོབས་ཆེན་གྱིས་ཤང་ཉམས་ཞན་ལ་སྣེ་ཁྲིད་དང་། གྲོང་ཚོ་ཕྱུག་པོས་གྲོང་ཚོ་དབུལ་པོར་སྣེ་ཁྲིད། སྔོན་ཐོན་གྱིས་རྗེས་ལུས་ལ་སྣེ་ཁྲིད། སྡེ་ཚན་གྱིས་གྲོང་སྡེར་སྣེ་ཁྲིད་བཅས་གཞི་རྟེན་དུ་བྱས་པའི་གྲོང་གསེབ་ཀྱི་དབུལ་སྐྱོར་མཐུན་སྦྱོར་ལམ་སྲོལ་ལག་བསྟར་བྱས་པ་རེད། རྒྱལ་ལམ་213རྒྱུད་ཀྱི་དཔལ་འབྱོར་ཅུང་དར་རྒྱས་ཆེ་བའི་གཙོ་ཚང་དགོན་གྲོང་རྡལ་དང་སྤྱང་གཙང་གྲོང་ཚོ་སོགས་ཤང་དང་གྲོང་རྡལ་གྱིས་དམུ་དགེ་དང་རྭ་གོར་ཡུག་ཁུལ་དབུལ་པོ་དང་མཛའ་མཐུན་མཉམ་སྐྲུན་ཤང་གྲོང་བཏོད་པས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་རེད།

    མིག་སྔར་ཟུང་ཆུ་རྫོང་གིས་རྫོང་ཡོངས་ཀྱི་བལྟོས་བཅས་ཀྱིས་ཕྱུག་པོ་ཡིན་པའི་གྲོང་ཚོ་50ལྷག་ཙམ་དང་གྲོང་ཚོ་དབུལ་པོ་ཆ་སྒྲིག་བྱས་ཏེ་ཕྱུགས་རིགས་གསོ་ཚགས་དང་། སྣོད་བཅུད་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལ་གཙོ་གནད་ཐོག་དམིགས་ནས་གྲོང་ཚོ་དབུལ་པོར་རོགས་རམ་བྱས་ཏེ་རང་བརྟེན་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་དཔེ་སྟོན་རྣམ་གྲངས་55གཏན་འཁེལ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་ཟུང་ཆུ་རྫོང་གི་གྲོང་ཚོ་དང་དུད་ཚང་དབུལ་པོ་ཁག་གཅིག་ལ“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཡོད་པ་དང་། གཞི་རིམ་རྩ་འཛུགས་དང་གྲོང་ཚོའི་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པའི་འདུན་པ་ཆེན་པོ་མེད་པ་དང་། བྱ་ཐབས་མང་པོ་མེད་པ། གྲོང་མིའི་འཕེལ་རྒྱས་ཀྱི་ཡིད་ཆེད་བརྟན་པོ་མེད་པ་བཅས་ཀྱིས་རྐྱེན་པས་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

    དེར་བརྟེན་ཟུང་ཆུ་རྫོང་གིས“དྲིན་ཚོར་དང་། མཐུན་སྒྲིལ། ཡར་བརྩོན”བཅས་ཀྱི་སློབ་གསོ་སྒྲོག་འགྲེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་སྡོད་དབུལ་སྐྱོར་གྱི་དཔེ་མཚོན་དྲིལ་བསྒྲགས་བྱས་པ་དང་། ཉེ་འཁོར་གྱི་དབུལ་སྒྲོལ་ཕྱུག་འགྱུར་མི་སྣ་གདན་དྲངས་ཏེ་དབུལ་སྒྲོལ་གཏམ་རྒྱུད་བཤད་ནས་དབུལ་སྒྲོལ་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་རྒྱུར་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།