[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཁའ་ལམ་གསར་པར་སྐལ་བཟང་མེ་ཏོག་རབ་ཏུ་བཞད།

    རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོའི་མཉམ་སྡེབ“ལྷ་ཉིང་ལྕགས་ལམ་སྤུས་ཚད་ཞིབ་བཤེར་བུད་མེད་ལས་བཟོའི་པན”གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-01

    རིང་ཚད་སྨི་2.5ཡོད་པའི་ལྕགས་ལམ་གདན་སྤྱད་གཅིག་ལ་བརྟག་དཔྱད་ཚད་ལེན་བྱ་ཡུལ་70ལྷག་ཙམ་ཡོད་པ།

    ཁྱོན་ལྕགས་ལམ་གདན་སྤྱད་ཁྲི་45ཙམ་ལ་བརྟག་དཔྱད་ཚད་ལེན་བྱ་ཡུལ་ཁྲི་3150ཙམ་ཡོད་པ།

    ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱིས་ལྕཌ་ལམ་གདན་སྤྱད་129002ཐོན་སྐྱེད་བྱས་ལ། ཚད་གཞི་ལོན་ཚད་100%ཟིན་པ། 

    2019ལོའི་ཟླ་2ཚེས་12ཉིན་གྱི་ཞོགས་པར་ནམ་ལངས་མ་ཐག་ཚུའེ་ཤིན་ཡིས་རྡོག་ཆས་ལེགས་པར་བརྒྱབ་སྟེ་ལྷ་ཉིང་ལྕགས་ལམ་རྣམ་གྲངས་སུ་ལོག་རྒྱུའི་གྲ་སྒྲིག་བྱས་ཤིང་། ལོ་གཉིས་ལྷག་ཙམ་ལ་སླེབས་པའི་གཉིད་དུ་ཡུར་བའི་བུ་ལ་ལྟ་བཞིན་བྲལ་མི་ཕོད་པར་མིག་ནང་མཆི་ཞག་འཁོར། བུས་ངུ་འབོད་མི་བྱེད་པའི་ཆེད་ཁོ་མོས་བུ་གཉིད་མ་སད་གོང་དུ་ཁྱིམ་ནས་ཐོན།

    ཚུའེ་ཤིན་དང་འདྲ་བའི་ཀྲོའུ་ཕིང་དང་། ཀྲང་ཡུས་ཅོན། ཡན་ཧྲོང་ཡན་བཅས་ནི“ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་ཚོགས་པའི་ཟམ་པ་ཚད་ཡོད་ཀུང་སི་ལྷ་ཉིང་ལྕགས་ལམ་སྤུས་ཚད་ཞིབ་བཤེར་བུད་མེད་ལས་བཟོའི་པན”གྱི་ཁོངས་མི་ཡིན་པ་དང་། རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོའི་མཉམ་སྡེབ་ཀྱི་གཟེངས་བསྟོད་ཐོབ་མ་ཐག་རེད།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་ཡོངས་སུ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལོ་12སོང་རྗེས་ཁྲོན་བོད་ལྕགས་ལམ་སྐྲུན་རྒྱུའི་དུང་བརྡ་སླར་ཡང་སྒྲོག་སྐབས་བཟོ་སྐྲུན་པ་ཁྲི་སྟོང་མང་པོ་གངས་ལྗོངས་ས་མཐོར་མཉམ་དུ་འཛོམས།

    ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་ཁྲོན་བོད་ལྕགས་ལམ་གྱི་འགོ་འཛུགས་ས་ཡིན་པ་དེར་ཁྱོན་སྤྱི་ལེ་433ཡོད་པ་དང་འཆར་བཀོད་བྱས་པའི་མྱུར་ཚད་སྤྱི་ལེ་160རེད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་ཚོགས་པའི་ཟམ་པ་ཚད་ཡོད་ཀུང་སིས་ལྕགས་ལམ་གདན་སྤྱད་ཁྲི་45ཡི་སྔོན་བཟོའི་ལས་འགན་འཁུར་བ་དང་། ལྕགས་ལམ་གདན་སྤྱད་ཀྱི་སྤུས་ཚད་བརྟག་དཔྱད་ཚད་ལེན་གྱི་ལས་འགན་ལྕི་པོ་དེ་སྤུས་ཚད་ཞིབ་བཤེར་པན་གྱི་བུད་མེད་ལས་བཟོ་བཞི་པོའི་ཕྲག་ཏུ་བབས།

    2018ལོའི་དཔྱིད་གསར་དུས་ཆེན་བཏང་མ་ཐག ལྷ་ཉིང་ལྕགས་ལམ་དུམ་བུར་ལྕགས་ལམ་གདན་སྤྱད་ཀྱི་སྤུས་ཚད་ཞིབ་བཤེར་པན་འཛུགས་རྒྱུ་ཡིན་པ་གོ་མ་ཐག ཁོང་ཚོས་མཉམ་དུ་ཀུང་སིའི་འགན་འཁུར་བར་མཚོ་བོད་ས་མཐོར་འགྲོ་རྒྱུའི་རེ་བ་བཏོན་ཞིང་། “མཁའ་ལམ་གསར་པར་འབད་འཐབ་བྱེད་པར་ང་ཚོ་བུད་མེད་བློ་མཐུན་ཚོས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན”ཞེས་བཤད།

    ནམ་ཡང་ཞུམ་པ་མེད་པའི་ངར་ཤུགས་བཅངས་ཏེ་གཅེན་གཅུང་བཞི་པོས་ཕ་ཡུལ་ནས་ཁ་གྱེས་ཏེ་ས་མཐོའི་ཕྱོགས་སུ་བསྐྱོད། ལས་ཡུལ་དུ་འབྱོར་མ་ཐག་ཁོང་ཚོ་དབུགས་གཏོང་དཀའ་བ་དང་། དབུགས་ཧལ་བ། མགོ་ཡུ་འཁོར་བ། རྐང་པར་ཤུགས་མེད་པ་སོགས་ཀྱི་ས་མཐོའི་འགྲན་སློང་དྲག་པོ་འཕྲད།

    འོན་ཀྱང་ལྕགས་ལམ་གདན་སྤྱད་ཀྱི་སྤུས་ཚད་ལ་བརྟག་དཔྱད་ཚད་ལེན་བྱ་རྒྱུར་རྣམ་གཡེང་ཏོག་ཙམ་ཡང་བྱེད་མི་རུང་། རིང་ཚད་སྨི་2.5ཡོད་པའི་ལྕགས་ལམ་གདན་སྤྱད་གཅིག་ལ་བརྟག་དཔྱད་ཚད་ལེན་བྱ་ཡུལ་70ལྷག་ཙམ་ཡོད་པ་དང་། ལྕགས་ལམ་གདན་སྤྱད་ཁྲི་45ཙམ་ལ་བརྟག་དཔྱད་ཚད་ལེན་བྱ་ཡུལ་ཁྲི་3150ཙམ་ཡོད། བརྟག་དཔྱད་ཚད་ལེན་ས་ཚིགས་རེ་རེར་མིག་གིས་ལྟ་བ་དང་། ལག་པས་རེག་པ། ཚད་འཇལ་བ་བཅས་བྱེད་དགོས་ཀྱི་ཡོད་པས་སྐྱོན་ཆུང་གྲས་ཤིག་ཀྱང་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་།

    ཚུའེ་ཤིན་དང་ཀྲང་ཡུས་ཅོན་གྱིས་ཕྱིའི་རྣམ་པའི་བརྟག་དཔྱད་ཚད་ལེན་གྱི་འགན་འཁུར་བ་དང་། ཡན་ཧྲོང་ཡན་དང་ཀྲོའུ་ཕིང་གིས་འཇམ་འདེགས་ཚོད་ལྟའི་འགན་འཁུར་གྱི་ཡོད། ལྕགས་ལམ་གདན་སྤྱད་རེ་རེའི་སྤུས་ཚད་འགན་ལེན་བྱ་ཆེད་ཁོང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད། ཐེངས་དང་པོར་ཁེར་རྐྱང་བཀོལ་སྤྱོད་བྱེད་སྐབས། ཡན་ཧྲོང་ཡན་གྱི་ལག་མཐིལ་དུ་རྔུལ་ཆུས་ཁེངས་པ་དང་། གཟབ་ནན་ཆེན་པོས་བཀོལ་སྤྱོད་གཅུས་སྒོ་མནན་ནས་ལྕགས་ལམ་གདན་སྤྱད་འཇམ་འདེགས་འཕྲུལ་ཆས་ཐོག་བརྟན་པོའི་ངང་བཏིང་རྗེས་གཞི་ནས་སེམས་ལྷོད་ལ་བབས།

    2018ལོའི་ཟླ་6ཚེས་9ཉིན་ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་གདན་སྤྱད་ཐོག་མ་ཐོན་སྐྱེད་བྱས་ཏེ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་གདན་སྤྱད་ཐོན་སྐྱེད་བྱེད་འགོ་དངོས་སུ་ཚུགས་པ་མཚོན་ཡོད། ཁོང་ཚོས་རི་རྩེར་འཛེགས་ཏེ་ལྕགས་ལམ་གདན་སྤྱད་རེ་རེ་གྲལ་འགྲིག་པོར་བཏིང་བ་དང་ལྕགས་ལམ་རིམ་བཞིན་རྒྱང་རིང་དུ་བསྲིངས་པ་མཐོང་སྐབས་གཅེན་གཅུང་བཞི་པོ་ཕན་ཚུན་འཐམ་ནས་མིག་ཆུ་དབང་མེད་དུ་ཤོར།

    2018ལོའི་ཟླ་6ཚེས་9ཉིན་ལྕགས་ལམ་གདན་སྤྱད་དང་པོ་སྤྱོད་འགོ་ཚུགས་པ་ནས་ན་ནིང་གི་ལོ་མཇུག་བར། ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱིས་ལྕགས་ལམ་གདན་སྤྱད་129002ཐོན་སྐྱེད་བྱས་པ་དང་མཛོད་འདོན་གྱི་ཚད་གཞི་ལོན་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད། ལྕགས་ལམ་གདན་སྤྱད་རེ་རེར་ཁོང་ཚོའི་དཀའ་སྤྱད་དང་བློས་གཏོང་གང་མང་ཡོད་ལ། ཚང་མས་ཁོང་ཚོ་ནི་ལྕགས་ལམ་གདན་སྤྱད་སྤུས་ཚད་ཀྱི“སྲུང་སྐྱོང་ལྷ་མོ”རེད་ཅེས་བསྔགས་བརྗོད་ཡང་ཡང་བྱེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།