[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱི་ཡར་ལངས་གྲོང་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སན་ཧོ་གྲོང་རྡལ་སྲིད་གཞུང་དང་བར་ཐག་སྨི་600ཙམ་ཆོད་པའི་ཡངས་ཤིང་རྒྱ་ཆེ་བའི་ཐང་སྟེང་དུ། ཐོག་སོ་6ལྡན་གྱི་ཐོག་ཁང་དཀར་པོ་སྟར་པ་རེ་རེ་གྲལ་འགྲིག་པོར་བརྒྱབ་འདུག “མཛེས་ལྗོངས”དེ་ནི་ཡར་ལངས་གྲོང་ཚོའི་དུད་ཚང་89ཡི་སྡོད་ཁང་གསར་པ་ཡིན་པ་རེད།

    ཡར་ལངས་གྲོང་ཚོ་གནས་སའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སན་ཧོ་གྲོང་ཁྱེར་ནི་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་གི་བར་བརྒལ་ཁུལ་དུ་ཡོད་པས། ས་བབ་རྙོག་འཛིང་ཆེ་ལ་དབུལ་ཕོངས་ཀྱི་ཁྱབ་ཁྱོན་ཆེན་པོ་ཡོད། 2017ལོའི་སྔ་རྗེས་སུ། དབུལ་སྒྲོལ་འགག་སྒྲོལ་གྱི་ཡར་ལངས་དམག་འཐབ་དེར་རྒྱལ་ཁ་ལེན་ཆེད། སན་ཧོ་གྲོང་རྡལ་གྱི་གྲོང་ཚོ་ཁག་གཅིག་གི་གྲོང་མི“རི་ནས་བབས་ཏེ་ཐང་ལ་བསྡད་པ”དང“གྲོང་རྡལ་དུ་སྤོས་ནས་ཐོག་ཁང་དུ་བསྡད་པ”སྟེ། ད་ཆའི་གཅིག་སྡུད་བཀོད་སྒྲིག་ཁུལ་དེར་གཅིག་རྗེས་གཉིས་མཐུད་དུ་སྤོས་པ་རེད།

    སྔོན་ཆད་ཡར་ལངས་གྲོང་ཚོའི་དུད་ཚང་ལ་ས་རྡོ་ལས་གྲུབ་པའི་ཁང་མིག་རེ་གཉིས་དང་། ས་རྒྱུ་ཞན་པའི་ཞིང་ཁ་རེ་གཉིས། བ་ཕྱུགས་དང་ར་ལུག་ཁ་ཤས་ལས་མེད། “ཁང་མིག་5ཡོད་པའི་ས་ཁང་དེས་ཆར་རླུང་ཡང་འགོག་མི་ཐུབ་པ་དང་། ལོ་ཏོག་གིས་ནང་མི་ཚོའི་ཟ་འབྲུ་འདང་ཙམ་ལས་མེད་ཅིང་། ལུག་བཅུ་གྲངས་ཤིག་ཡོད་པ་དེས་འཚོ་བར་ཁ་སྣོན་ཅུང་ཟད་རྒྱག་ཐུབ”ཅེས་ལོ་75ལ་སླེབས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཝུའུ་ཙུའོ་ཚང་གིས་བརྗོད།

    ཡར་ལངས་གྲོང་ཚོར་ཝུའུ་ཙུའོ་ཚང་དང་འདྲ་བའི་རྒན་རྒོན་མང་པོ་ཞིག་ཡོད། ཁོང་ཚོས་ས་ཁང་ནང་མི་ཚེ་ཕྱེད་ཀ་བསྐྱལ་ཚར་བ་དང་། ད་ཆ་འཚོ་བ་ཡག་པོ་འདི་འདྲ་བསྐྱལ་རྒྱུ་ཡོད་པ་ཡིད་ལའང་འཁོར་མྱོང་མེད། “རི་ཁུལ་ནས་ཐོན་པས་ན་གཞོན་ཆགས་པའི་སྣང་བ་ཞིག་འདུག”སྡོད་ཁང་གསར་པ་དྲོ་ཞིང་སྐྱིད་སྣང་དོད་པ་ཞིག་འདུག་ཅེས་ལོ་75ལ་སོན་པའི་གྲོང་མི་ཞུས་ཧྲུའུ་མེ་ཡིས་བརྗོད།

    “རི་ཁུལ་དུ་ཡོད་དུས། ཞིང་དལ་སྐབས་སུ་རྒན་གཞོན་ཚང་མ་ཉི་མ་བསྲོས་ནས་སྡོད་ཀྱི་ཡོད”ད་ཆ། ནམ་ལངས་མ་ཐག་གྲོང་ཚོའི་ནང་གི་གཞོན་ནུ་བཅུ་ཕྲག་ཁ་ཤས་ཕྱིར་ལས་ཀར་སྐྱོད་ཀྱི་ཡོད། ལོ་ཅུང་ཆེ་བའི་གྲོང་མིས་ཀྱང་ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱི་ཁྲིད་སྟོན་འོག་ལག་རྩལ་སྦྱངས་ནས་ཡོང་འབབ་གསོག་གི་ཡོད་ཅེས་ཧོ་ཀྲན་ཏེ་ཡིས་བརྗོད།

    “ལས་ཞུགས་ཅུས་ཀྱིས་གསོ་སྦྱོང་འཛིན་གྲྭ་མང་པོ་གཉེར་ཡོད། ངས་མི་གཞན་དང་མཉམ་དུ་ཕྲེང་བརྒྱུས་ལག་རྩལ་སྦྱངས་པ་ཡིན། ཟླ་རེར་གཞི་རྩའི་གླ་ཕོགས་སྒོར་500འདུག ཕྱི་ངོས་སུ་ཕྲེང་རྡོག་བརྒྱུས་པའི་འཐེན་ཤོག་བླུག་སྒམ་རེ་བཟོས་ན་སྒོར་5རེ་རག་ཐུབ”བཟོ་གྲྭས་མ་བཅོས་རྒྱུ་ཆ་མཁོ་འདོན་བྱས་རྗེས་སོ་སོའི་སྒོ་ཁར་ལས་སྣོན་བྱས་ཚར་རྗེས་ཀྱི་ཐོན་རྫས་བསྡུ་བར་ཡོང་གི་ཡོད། ངས་ཕྲེང་བརྒྱུས་ལག་རྩལ་ཤེས་རྗེས་ཟླ་རེར་ཕལ་ཆེར་སྒོར་800རེ་རག་གི་འདུག་ཅེས་ལོ་54ལ་སོན་པའི་ཐུང་ཀྲི་ཧྭ་ཡིས་བརྗོད།

    དེ་དང་ཆབས་ཅིག ས་གནས་དེ་གའི་སྲིད་གཞུང་གིས་རྗེས་མཐུད་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བརྒྱབ་པ་རེད། “སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1740བཏང་ནས་སྨི་ངོས་གྲུ་9000ཡོད་པའི་ཡུལ་གཞན་དུ་གནས་སྤོས་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར་ཞིག་བརྒྱབ་ནས། ཡར་ལངས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་23ལ་སྨི་ངོས་གྲུ་45ཡོད་པའི་ཚོང་ཁང་རེ་རིན་མེད་མཁོ་འདོན་བྱས་ཡོད”འདིས་བཀོད་སྒྲིག་ཁུལ་གྱི་དུད་ཚང་དབུལ་པོའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག མཐའ་འཁོར་ཤང་དང་གྲོང་རྡལ་གྱི་གྲོང་གསེབ་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐེབས་ཡོད་ཅེས་སན་ཧོ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་དབྱང་ཧྲུན་རུང་གིས་བརྗོད།

    “རི་ཁུལ་གྱི་དེ་སྔའི་ཞིང་ཁ་མུའུ་9ལས་མུའུ་7རྨོ་བསྐྱུར་ནགས་གསོ་བྱས་པ་དང་ལྷག་མ་གྲོང་ཚོའི་ནང་གི་འདེབས་འཛུགས་མཉམ་ལས་ཁང་ལ་ནང་བཤུག་བཏང་ཡོད། གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རའི་ཚོང་ཁང་ཡང་གཞན་ལ་བོགས་མར་བཏང་ཡོད། གྲོང་ཚོས་ད་དུང་ང་ལ་ཁུལ་ཆུང་གི་གཙང་སྦྲ་བྱེད་མཁན་གྱི་ལས་ཀ་ཞིག་བཀོད་སྒྲིག་བྱས་འདུག ཟླ་རེར་སྒོར་500འདུག”ད་ཆ་འཚོ་བ་དངོས་གནས་ཡག་པོ་འདུག་ཅེས་ལོ་62ལ་སོན་པའི་ཡར་ལངས་གྲོང་ཚོའི་གྲོང་མི་ཆི་ཀུའེ་ལིན་གྱིས་བརྗོད། 

    res01_attpic_brief.jpg

    ཡར་ལངས་གྲོང་ཚོའི་ལོ་75ལ་སླེབས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཝུའུ་ཙུའོ་ཚང་གིས་ཁྱིམ་དུ་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།