[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • གཞི་རིམ་དུ་རྩ་བ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ཡིད་དབང་འགུག་ཐབས་བྱེད་པ།

    —— ཕ་ཡུལ་དུ་ལོག་པའི་དང་བླངས་པ་ཞིག་གི་བརྩེ་སེམས་དང་བརྟན་སྲུང་།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་གཡུག་གཞུང་ཤང་སྲིད་གཞུང་གི་ལོ་29ལ་སླེབས་པའི་དང་བླངས་པ་ཆོས་རྒྱལ་ཉི་མ་ཆུང་དུས་ནས་རྨ་ཆེན་རྫོང་གྲོང་དུ་འཚར་ལོངས་བྱུང་ཞིང་། 2016ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཁྲིམས་རིག་པ་ཆེད་ལས་ནས་ཐོན་རྗེས་ཁོང་གིས་བློ་ཐག་ཆོད་པོས“མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་འགོད”ཅེས་པར་མིང་ཐོ་བཀོད་ནས་གཡུག་གཞུང་ཤང་སྲིད་གཞུང་དུ་དང་བླངས་པ་ཞིག་བྱས།

    “མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་འགོད”ནི་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རྫོང་དབུལ་པོའི་ཤང་དང་གྲོང་རྡལ་དུ་སློབ་གསོ་དང་དབུལ་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་སྒྲུབ་ཆེད་ཡོངས་བསྒྲགས་ངང་བསྡུས་པ་ཞིག་ཡིན་ཞིང་། སྤྱིར་ན་དུས་ཡུན་ལོ་2ཡིན་པ་རེད།

    “ལམ་ཧ་ཅང་ཡག་པོ་མེད་པ་དང་། རྫོང་གྲོང་ནས་རླངས་འཁོར་ལ་ཆུ་ཚོད་4ཙམ་བསྡད་རྗེས་གཞི་ནས་ཤང་དུ་སླེབས་ཀྱི་འདུག ལམ་བར་དུ་མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་ཏེ་དཀའ་ངལ་མང་པོ་འཕྲད་ཀྱང་སེམས་ནང་རེ་བ་ཆེན་པོ་བྱུང་། ལམ་བར་དུ་ངས་ཤང་གི་འགོ་ཁྲིད་དང་མང་ཚོགས་ལ་གང་འདྲ་བྱས་ནས་འབྲེལ་བ་བྱེད་དགོས་མིན་ཐད་བསམ་བློ་མང་པོ་བཏང་བ་ཡིན”ཞེས་ཆོས་རྒྱལ་ཉི་མས་ཐོག་མར་ཤང་སྲིད་གཞུང་ལ་འབྱོར་ཐོ་འགོད་པར་འགྲོ་བའི་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན་བརྗོད།

    ད་ལྟའི་ལས་ཀའི་སྐོར་གླེང་སྐབས། ཆོས་རྒྱལ་ཉི་མས་སྤྲོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “དུས་རྒྱུན་ཤང་གི་ལས་དོན་མི་སྣ་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱེད་ཀྱི་ཡོད། ཤང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་ཀྱང་ངས་བོད་ཡིག་ཏུ་སྒྱུར་རོགས་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ལོའི་ཟླ་བ་དང་པོ་ནས་བཟུང་ས་ཆ་དེ་གར་གངས་ཆེན་པོ་བབས་པས་འབྲོག་དུད་མང་པོ་ཞིག་ལ་གཟན་རྩྭ་མི་འདང་བའི་དཀའ་ངལ་འཕྲད་ཡོད། གྲོང་མིའི་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱ་ཆེད་ཆོས་རྒྱལ་ཉི་མས་ཤང་གི་ལས་བྱེད་པ་དང་མཉམ་དུ་གཤམ་སྐྱོད་བྱས་ནས་འཚམས་འདྲི་དང་ལས་དུས་འཕར་མ་ཐེངས་མང་བྱས་ཡོད།

    “མིག་སྔར་འབྲོག་པ་ཚོས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ནོར་ལུག་ལ་གཟན་རྩྭ་མི་འདང་བའི་གནས་ཚུལ་དེ་རེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྗེས་མའི་གནོད་འཚེར་ཁ་གཏད་གཅོག་དགོས”ཞེས་ཆོས་རྒྱལ་ཉི་མས་ངར་ཤུགས་ཆེན་པོས་བརྗོད།

    ཁོང་གིས“གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ལྷག་བསམ་རྣམ་དག་བྱས་ཏེ་མི་སེམས་ཐོབ་པ་བྱེད་དགོས”དང་ཐོག་མར“མང་ཚོགས་ཀྱི་མིག་ནང་རང་ཉིད་ནི་ལས་བྱེད་པའི་བཟོ་ལྟ་ཙམ་ཞིག་རེད” ད་ཆ“ཁོང་ཚོར་དོན་དག་ག་རེ་ཡོད་ཀྱང་ངར་ཤོད་ཀྱི་ཡོད་པས་རང་ཉིད་ཁོང་ཚོའི་བློས་འགེལ་ས་ཞིག་ཏུ་བརྩི་གི་ཡོད”ཅེས་བརྗོད།

    ན་ནིང་ཟླ་བ་བདུན་པར་ཆོས་རྒྱལ་ཉི་མ་མགོ་ལོག་ཀྲོའུ་སྲིད་གཞུང་དུ་ལས་ཀ་བྱེད་པར་འདེམས་གཏོང་བྱས་ཀྱང་ཁོང་གིས་གོ་སྐབས་དེ་བློས་བཏང་ནས་སྔར་བཞིན་ས་ཆ་དེར་བསྡད། “ད་ལྟ་ལས་ཀ་བྱས་ནས་ཡུན་རིང་མ་སོང་བའི་མཚམས་འདིར་ཁ་བྲལ་ན་མང་ཚོགས་ཚོས་རང་ཉིད་ལ་བཅངས་པའི་ཡིད་ཆེས་ཆུད་ཟོས་སུ་འགྲོ་གི་རེད་སྙམ་གྱི་འདུག”ཅེས་ཆོས་རྒྱལ་ཉི་མས་སྐད་ཤུགས་ཆུང་ངུས་བརྗོད་པ་རེད།

    “ང་ཚོ་དང་འདྲ་བའི་ཐག་རིང་ལུང་ཁུག་ཁུལ་འདི་འདྲར་གཞི་རིམ་གྱི་ལས་དོན་དེ་བས་ཡག་པའི་སྒོ་ནས་སྤེལ་ཆེད་ན་གཞོན་སློབ་ཆེན་སློབ་མ་དེར་ཞུགས་པ་དང་བརྟན་སྲུང་བྱེད་གལ་ཆེན་པོ་ཡོད། དམངས་ཀྱི་ཆེད་དུ་བརྩེ་སེམས་བཅངས་པའི་ན་གཞོན་དེ་བས་མང་བས་གྲོང་གསེབ་ཏུ་གཞི་ཚུགས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་གཡུག་གཞུང་ཤང་གི་ཤང་ཀྲང་ཝང་ཧྲེ་ཆིང་གིས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།