[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀོང་ཏུང་དང་ཐའེ་དབན་གྱི་ཚོང་པས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་མ་དངུལ་འཇོག་པའི་གོ་སྐབས་དམ་འཛིན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཟླ་5ཚེས་7ནས་ཚེས་10ཉིན་བར། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གདན་ཞུས་ལྟར། ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་གྱི་ཐའེ་དབན་ཚོང་པའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་རྟོག་ཞིབ་ཚོགས་པ་དང་བཅས་པའི་མི་18མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་རེད།

    མཚོ་བོད་ས་མཐོའི་ཤར་ཕྱོགས་སུ་གནས་པའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་མི་ཆོས་རིག་གནས་ཀྱང་དར་རྒྱས་ཆེ་བའི་མཚོ་སྔོན་ཞིང་ཆེན་ལ་དམིགས་བསལ་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པ་མ་ཟད། རིག་གནས་ཡུལ་སྐོར་གསར་སྤེལ་གྱི་མི་མངོན་པའི་ནུས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། གྲངས་གཞི་ལས་མངོན་པར། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་4202ལ་སྣེ་ལེན་ཞུས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ལྷག་པར་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དང་། སྣོད་བཅུད་ཡུལ་སྐོར། དམིགས་བསལ་ཡུལ་སྐོར་སོགས“གསེར་བྱང”ལྟ་བུར་གྱུར་པ་དང་ཆབས་ཅིག “ནམ་མཁའི་མེ་ལོང”ཚྭ་ཁ་མཚོ་དང་སྐར་མ་མིག་དམར་གྱི་རྟེན་གཞི་སོགས་དྲ་ཐོག་ཏུ་དར་ཁྱབ་ཆེ་བའི་མཛེས་ལྗོངས་ཁུལ་ཡང་ཐོན་ཡོད་པ་རེད།

    ཚེས་10ཉིན་གྱི་སྔ་དྲོར། “‘ལག་གདང་སྦྲེལ་ནས་རིག་གནས་ཡུལ་སྐོར་ལམ་དུ་སྐྱོད·མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད’ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྒྱུ་རྩལ་རྣམ་གྲངས་ཀྱི་ཐའེ་དབན་ཚོང་པའི་ལྟ་སྐོར་འཚམས་འདྲི་ཚོགས་འདུ”ཞེས་པའི་ཚོང་གཉེར་གོ་སྐབས་རྟོག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཚའེ་ཅུན་ཧུང་གིས“ལོ་20ཡི་གོང་དུ་མཚོ་སྔོན་ལ་སླེབས་མྱོང་། ད་རེས་ཡུལ་འདིའི་དྭངས་གཙང་ཆུ་མོ་དང་གནམ་སྔོན་མོ་སླར་ཡང་མཐོང་སྐབས་མྱོང་ཚོར་སྔར་བས་ཆེན་པོ་བྱུང་། ཕྱིར་ལོག་རྗེས་མཚོ་སྔོན་དུ་ཚོང་གཉེར་གོ་སྐབས་ཡག་པོ་ཡོད་པ་ཐའེ་དབན་གྱི་ཚོང་པར་ངོ་སྤྲོད་བྱེད་ཀྱི་ཡིན། སླད་ཕྱིན་ཐའེ་དབན་གྱི་ཚོང་པ་དེ་བས་མང་བ་གནམ་གྲུར་བསྡད་ནས་མཚོ་སྔོན་དུ་ཡོང་བའི་ཡིད་ཆེས་ཆེན་པོ་ཡོད”ཅེས་བཤད།

    ཐའེ་པེ་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་གི་དེ་སྔའི་ཡོན་ཀྲང་ལིན་ཀྲེང་དབྱི་ཡིས་སླད་ཕྱིན་ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་གྱི་རིག་གནས་གསར་གཏོད་ཕྱོགས་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    “མཚོ་སྔོན་དུ་རིག་གནས་གསར་གཏོད་ཐོན་ལས་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་ཐོན་ཁུངས་ལ་བརྟེན་པ་དང་ཆབས་ཅིག ཡུལ་དེ་གའི་ལོ་རྒྱུས་དང་རིག་གནས་ལ་བརྟེན་ན་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་ཐུབ་སྲིད”ཅེས་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་གྱི་ཐའེ་དབན་ཚོང་པའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་ལག་བསྟར་རྒྱུན་ལས་ཚོགས་གཙོ་གཞོན་པ་རུང་ཤིང་ལྕགས་རིགས་ཐོན་རྫས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝུའུ་ཧྲེང་ཧྥུང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།