[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ས་མཐོའི་མེ་འཁོར་གྱི་སྲུང་སྐྱོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

    “སྨན་པ”ཞིག་ཡིན་པའི་ངོས་ནས་ཁོང་གི“ནད་པ”གཞན་དང་མི་འདྲ་བར། “གཟུགས་པོའི་རིང་ཚད”ལ་སྨི་བརྒྱ་ཙམ་དང་། “སྙིང”གི་ལྗིད་ཚད་ཁོ་ནར་ཏུན་བཅུ་གྲངས་ཡོད། 

    ས་བབ་མཐོ་བའི་ས་ཁུལ་དུ་བསྐྱོད་པའི་མེ་འཁོར་ལ་རྒྱུན་དུ་གནས་ཚུལ་སྣ་ཚོགས་ཐོན་གྱི་ཡོད་སྟབས། ཁོང་གིས་ཚོགས་པའི་རུ་སྣེ་ཁྲིད་དེ“ནད་བརྟག་སྨན་བཅོས”བྱས་ནས་ས་མཐོའི་མེ་འཁོར་རྒྱུན་གཏན་ལྟར་བསྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་དེ། ཁོང་ནི་མཚོ་བོད་ས་མཐོའི་ལྕགས་ལམ་གློག་ལམ་ལག་རྩལ་གྱི་རིགས་གཅིག་མཁས་ཅན་མཱ་ཡུན་རེད།

    ཆ་སྙོམས་ས་བབ་སྨི་4000ཡོད་པའི་མཚོ་བོད་ས་མཐོའི་སྟེང་དུ། ལྕགས་ལམ་རིང་མོ་ཞིག་ཟི་ལིང་ནས་ལྷ་སའི་བར་བསྲིངས་ནས་བོད་དང་ནང་སའི་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་འབྲེལ་ཟམ་ཞིག་བཏོད་ཡོད།

    “གློག་གཏོང་འཁོར་སྒྲོམ་ནི་ས་མཐོའི་འགྲུལ་སྐྱེལ་མེ་འཁོར་གྱི‘སྙིང’ལྟ་བུ་ཡིན་ཞིང་། མེ་འཁོར་ནང་གི་ཟས་དང་། གློག ཆུ། གསོ་རླུང་སོགས་ཚང་མ་དེ་དང་ཁ་འབྲལ་ཐབས་མེད”ཅེས་ལོ་53ལ་སླེབས་པའི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་ལྕགས་ལམ་དུམ་བུའི་སྤུས་བཤེར་བ་མཱ་ཡུན་གྱིས་བཤད།

    ཕར་འགྲོ་ཚུར་འོང་བྱེད་པའི་མེ་འཁོར་ལ་ཀླུང་མང་པོ་བརྒལ་དགོས་པས་ཐལ་རྡུལ་གྱིས་ཁེངས་ཤིང་། ཐལ་རྡུལ་རླངས་ལམ་བརྒྱུད་ནས་ཁྲའེ་སྣུམ་འཕྲུལ་འཁོར་ནང་འཛུལ་གྱི་ཡོད་པར་བརྟེན། ཁྲའེ་སྣུམ་འཕྲུལ་འཁོར་གྱི་ལེ་ལག་ཁག་གཅིག་མགྱོགས་པོར་འཕྲོ་བརླག་ཏུ་སོང་ནས་གློག་གཏོང་འཕྲུལ་འཁོར་རྒྱུན་གཏན་ལྟར་འཁོར་རྒྱུག་མ་ཐུབ་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད།

    ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་རྗེས། ཁོང་གིས་གློག་གཏོང་འཕྲུལ་འཁོར་གྱི་ལག་རྩལ་སྒྱུར་བཀོད་བྱས་ནས་འགོག་རྐྱེན་འཕྲད་ཚད་ཉུང་དུ་བཏང་ཡོད། ལོ་30ལྷག་ཙམ་ལས་ཀ་བྱས་རིང་། མཱ་ཡུན་གྱིས་སྔ་རྗེས་སུ་མེ་འཁོར་གྱི་སྐྱོན་སྟོང་ལ་ཉེ་བ་བསལ་བ་མ་ཟད། སྒྱུར་བཀོད་ཀྱི་གྲོས་འགོ་བརྒྱ་ལྷག་ཙམ་བཏོན་པ་ཕལ་ཆེ་བར་ཐོན་སྐྱེད་བཟོ་གྲྭའི་ཁས་ལེན་ཐོབ་ཡོད། གློག་ཆེན་སྣུམ་འཐེན་འཕྲུལ་འཁོར་འཁོར་རྒྱུག་མ་ཐུབ་པའི་འགོག་རྐྱེན་ཁོ་ནར་ཁོང་གི་འབད་བརྩོན་འོག འཕྲུལ་འཁོར་གཅིག་ལ་ཉམས་བཟོ་བྱེད་གླ་སྒོར་ཁྲི་2.3དགོས་པ་ནས་སྒོར་2500བར་ཆག་སྟེ་ཚན་པར་ལོ་ལྟར་སྒོར་ཁྲི་40ལྷག་ཙམ་གྲོན་ཆུང་ཐུབ་ཡོད།

    བསམ་ཡུལ་ལས་འདས་པ་ཞིག་ནི་རིགས་གཅིག་མཁས་ཅན་ཁོང་ནི་སློབ་འབྲིང་ཐོན་པའི་སློབ་མ་ཞིག་རེད། 1983ལོར་མཱ་ཡུན་ལྕགས་ལམ་སྡེ་ཚན་དུ་ལས་ཀ་བྱེད་པར་སླེབས་རྗེས་སྔ་རྗེས་སུ་འཕྲུལ་འཁོར་གྱི་དྲོད་སྙོམས་འཕྲུལ་ཆས་ཉམས་བཟོ་བ། འཁོར་རིགས་སྤུས་བཤེར་བ་སོགས་བྱེད་མྱོང་ཡོད་པ་དང་། འཁོར་རིགས་ཀྱི་གློག་བཟོའི་ཤེས་བྱ་ཁོང་དུ་ཆུད་པོ་མེད་སྟབས་ལས་ཀ་ཁག་གཅིག་བྱེད་རིང་ཁོང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། དེས་ན་ཁོང་གིས་རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་མཚན་མོའི་སློབ་གྲྭ་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་བསྐྱོད་ནས《གློག་ལམ་གྱི་རྨང་གཞིའི་ཤེས་བྱ》དང《གློག་རྡུལ་སྐུད་ལམ་ཤེས་བྱ》སོགས་རྨང་གཞིའི་ཤེས་བྱ་སྦྱངས་པ་དང་། གཟའ་མཇུག་དང་དུས་ཆེན་དུ་ཡུལ་དེ་གའི་རླངས་འཁོར་ཉམས་བཟོ་ཁང་དུ་ལས་ཀ་ཙག་ཙིག་བྱས་ཏེ་ཁྲའེ་ཡའུ་སྣུམ་གྱི་རླངས་འཁོར་ཉམས་བཟོ་བྱེད་སྟངས་དང་གློག་ལམ་གྱི་ཤེས་བྱ་སྦྱངས་པ་རེད།

    ལོ་བཅུ་གྲངས་ལྷག་ཙམ་དཀའ་སྤྱད་བརྩོན་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས་པ་ལས། མཱ་ཡུན“ལས་དེར་རྒྱུས་མངའ་མེད་པ”ཞིག་ནས་རིམ་བཞིན་བཟོ་པའི་ལག་རྩལ་དགེ་རྒན་ཕུལ་བྱུང་ཞིག་ཏུ་གྱུར། སྒྲིག་ཆས་ཐོན་སྐྱེད་བཟོ་གྲྭའི་ལག་རྩལ་ཆེ་མོ་བ་ཁག་གཅིག་ལ“དོགས་དཀའ་རྙོག་གསུམ་གྱི་གནད་དོན”འཕྲད་སྐབས་ཀྱང་རང་འགུལ་ངང་ཁོང་ལ་རོགས་པ་ཞུ་བ་རེད།

    2010ལོར་ཟི་ལིང་ནས་པེ་ཅིང་བར་དང་ཟི་ལིང་ནས་ཧྲང་ཧའེ་བར་གྱི་གློག་གཏོང་འཕྲུལ་འཁོར་7ལ་གློག་ཆེན་སྣུམ་འཐེན་འཕྲུལ་འཁོར་འཁོར་རྒྱུག་མ་ཐུབ་པའི་གནས་ཚུལ་ཐོན་ནས་འཕྲུལ་འཁོར་ཚན་པ་22དུས་གཅིག་ལ་སྤྱོད་མཚམས་འཇོག་དགོས་བྱུང་། ཉམས་བཟོ་ས་ཚིགས་ཀྱི་ལག་རྩལ་པ་དང་བཟོ་གྲྭའི་ལག་རྩལ་ཆེ་མོ་བ་ཚོའང་གནད་དོན་དེའི་མདུན་དུ་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར། མཱ་ཡུན་གྱིས་ཉིན་མཚན་གསུམ་བསྟུད་མར་དཔེ་མཛོད་ཁང་ནས་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་འཚོལ་བཤེར་བྱས་མཐར། འཇམ་འདྲེད་སྣུམ་གྱི་ཚད་གཞི་མ་ལོན་པ་ནི་ཐེངས་འདིའི་གནས་ཚུལ་ཐོན་རྐྱེན་གཙོ་བོ་ཡིན་པ་རྩད་ཆོད།

    རང་རྒྱལ་གྱི་ལྕགས་ལམ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག སྒྲིག་ཆས་གསར་པ་དང་། ལག་རྩལ་གསར་པ། ཤེས་བྱ་གསར་པ་བཅས་འབོར་ཆེན་ཞིག་ཀྱང་ཐོན་དང་ཐོན་མུས་རེད། མཱ་ཡུན་གྱིས་ཉིན་མོར་འཁོར་ཁང་དུ་འཁོར་རིགས་བཤིགས་ནས་དབྱེ་ཞིབ་བྱེད་པ་དང་མཚན་མོར་དེའི་སྐོར་གྱི་འབྲེལ་ཡོད་དཔེ་དེབ་བལྟས་ནས་ཟིན་བྲིས་རྒྱག་གི་ཡོད། ད་ཆ་ཁོང་འཕྲུལ་སྒུལ་འཁོར་རིགས་སྣ་ཚོགས་ལ་རྒྱུས་མངའ་ཆེན་པོ་ཡོད་པས། ས་ཐག་རྒྱང་དུ་ཆོད་པའི་སར་འཕྲུལ་སྒུལ་འཁོར་རིགས་ལ་སྐྱོན་ཤོར་ཡང་ཁོང་གིས“རྒྱང་ཁྲིད་སྨན་བཅོས”བྱེད་ཐུབ་ཅིང་། ཕ་རོལ་གྱིས་བཤད་པར་གཞིགས་ཏེ་གནད་དོན་དབྱེ་ཞིབ་ཡང་དག་དང་གནད་དོན་གང་དུ་ཐོན་མིན་བརྡར་གཅོད་ཐུབ་ཀྱི་ཡོད།

    “མཱ་ཡུན་120འཕྲལ་སྡོམ་འགོག་རྐྱེན་ཞབས་ཞུའི་ལས་སྟེགས”ཀྱང་དེ་དང་ཆབས་ཅིག་བཙུགས་ཡོད། ལས་དོན་ཚོགས་པ་དེས་སྔ་རྗེས་སུ་རིགས་ཁག་གི་སྐྱོན་གཙོ་བོ་བརྒྱ་ལྷག་ཙམ་བསལ་བ་མ་ཟད། ལག་རྩལ་འགག་སྒྲོལ་ལས་དོན་སྤེལ་བ་དང་སྦྲགས་ལག་རྩལ་གྲུབ་འབྲས་7གཞན་སྒྱུར་བྱས་ཏེ། ལྕགས་ལམ་ཅུས་གཞན་དག་ལ་སྐྱོན་30ལྷག་ཙམ་སེལ་རོགས་བྱས་ཡོད།

    ལས་རོགས་ཚོར་གང་མགྱོགས་ལག་རྩལ་ཁོང་དུ་ཆུད་ཐུབ་པར་བྱ་ཆེད། མཱ་ཡུན་གྱིས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་ཉམས་མྱོང་དག་ཕྱོགས་བསྡུས་ཀྱིས《མཚོ་བོད་ཀྱི་གློག་གཏོང་འཕྲུལ་འཁོར་དང་དེ་བཞིན་མཚོ་བོད་འགྲུལ་སྐྱེལ་རླངས་འཁོར་གྱི་སྐྱོན་སེལ་ཐབས》དང《མཚོ་བོད་ཀྱི་གློག་གཏོང་འཕྲུལ་འཁོར་གྱི་འཕྲལ་སྡོམ་སྐྱོན་སེལ་ཐབས》སོགས་གསོ་སྦྱོང་གི་བསླབ་གཞི་བཅུ་ལྷག་ཙམ་རྩོམ་སྒྲིག་བྱས་པའི་ནང་། འཁོར་རིགས་ཀྱི་གློག་རླངས་སྒྲིག་ཆས་ཀྱི་གྲུབ་ཆ་ཚང་མའི་རྩ་བའི་རིག་པ་དང་སྐྱོན་ཆའི་དཔེ་གཞི་དབྱེ་ཞིབ་བྱེད་སྟངས་ཚུད་ཡོད།

    ལོ་འགའ་ཤས་ནས་རྒན་ཡོལ་ཞུ་རན་པའི་མཱ་ཡུན་གྱིས་ད་ཆ་སྔར་རྒྱུན་བཞིན་འཐབ་ས་དང་པོར་ལས་གནས་སྲུང་བཞིན་ཡོད། ཁོང་གིས་ཉིན་ལྟར་ཟིན་བྲིས་དེབ་ཆུང་ཆུང་ཞིག་འཁྱེར་ཏེ་སྐྱོན་ཐོན་རིམ་བཞིན་གནས་ཚུལ་ཞིབ་ཕྲ་དང་ཐག་གཅོད་བྱེད་ཐབས་དུས་ཐོག་ཏུ་ཐོ་འགོད་བྱེད་ཀྱི་ཡོད། “དེབ་ཆུང་འདི་ཡོད་ན་མེ་འཁོར་ཞབས་ཞུ་བར་བསྐྱར་ཟློས་སུ་ཐོན་པའི་སྐྱོན་དཔེ་མཚོན་ཅན་དུས་ཐོག་ཏུ་སེལ་རོགས་བྱེད་ཐུབ། གོམས་གཤིས་འདི་འཇགས་ནས་ལོ་10ལྷག་ཙམ་འགྲོ་ཡི་འདུག སྔ་རྗེས་སུ་ཟིན་བྲིས་དེབ་20ལྷག་ཙམ་ཁེངས་སོང”ཞེས་ཁོང་གིས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།