[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་སྟོང་འཁོར་གྱི་ཀོ་བའི་འཚེམ་དྲུབ་ཀྱི་ངོ་མཚར་ཆེ་བའི་སྒྱུ་རྩལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གི་ལི་དབན་མའེ་ཡིས་དགོང་ཟས་བཟས་རྗེས་དཀར་ལ་མཉེན་པའི་ཀོ་བ་བཏོན་ནས་འཚེམ་དྲུབ་རྒྱག་རྩིས་བྱེད་ཀྱི་ཡོད། གློག་སྒྲོན་འོག་ཏུ་ཀོ་བའི་ཐོག་འཚེམ་དྲུབ་བརྒྱབ་ནས་བཀོད་པའི་བོད་རིགས་བུ་མོ་དེ་སྒེག་ཉམས་ལྡན་པ་ཞིག་སྣང་།

    “ལུ་གུའི་བལ་དཀར་ལ་འཇམ་པས་མིག་ལ་མཛེས་པ་དང་། ལུག་ཆེ་བའི་བལ་རིང་ཙམ་ཡོད། ལུ་གུའི་བལ་ཡིན་ཕྱིན་སྐུད་པ་ཁ་ཤས་སུ་ཕྲལ་ནས་འཚེམ་དྲུབ་བརྒྱབ་ཚེ་གཞི་ནས་སྤུས་ཀ་དག་པོ་ཡོང་སྲིད”ཅེས་ལི་དབན་མའེ་ཡིས་བལ་གསེད་བཞིན་དེ་ལྟར་བརྗོད།

    ལི་དབན་མའེ་ཡི་ལག་ནང་གི་འཚེམ་དྲུབ་དེ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཀོ་བའི་འཚེམ་དྲུབ་ཅིག་རེད། ཀོ་བའི་འཚེམ་དྲུབ་དེ་ནི་མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་སྟེ་སྟོང་འཁོར་གནའ་གྲོང་ནས་དར་བ་དང་ད་བར་ལོ་ངོ་གསུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། སྟོང་སྐོར་ནི་གནའ་བོའི་ཆའང་རིགས་འཚོ་སྡོད་བྱ་ཡུལ་དང་། ནང་ས་ནས་ནུབ་རྒྱུད་འབྲོག་ཁུལ་དང་བོད་དུ་ཡོང་བའི་འགྲིམ་འགྲུལ་འགག་གནད་ཅིག་རེད་ལ་དར་གོས་ལྷོ་ལམ་དང་ཐང་བོད་གནའ་ལམ་སྟེང་གི་ས་ཚིགས་གལ་ཆེན་ཞིག་ཀྱང་རེད།

    སྟོང་འཁོར་ཀོ་བའི་འཚེམ་དྲུབ་ཀྱི་རྒྱུ་ཆ་ནི་དམིགས་བསལ་གྱི་ཀོ་ཆས་སྣ་ཚོགས་ཡིན་པ་དང་། བལ་སྐུད་དང་། རྒྱུན་བུ། རྟའི་རྔ་མ། རྟའི་ཟེ་དང་དེ་བཞིན་དར་སྐུད་དང་། ཁུ་ལུ། སྲིང་བལ་སོགས་ཚོན་མདོག་སྣ་ཚོགས་ཀྱི་སྐུད་པ་བེད་སྤྱོད་བྱེད་པ་དང་དེ་ལས་གྲུབ་བའི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱི་རྣམ་པ་གསོན་ཉམས་དོད་ལ་སྤུས་ཀ་ཧ་ཅང་དག་པོ་ཡོད།

    ལོ་52ལ་སླེབས་པའི་ལི་ཡུང་ཆིང་ནི་མཚོ་སྔོན་སྟོང་སྐོར་རྫོང་གི་མི་ཡིན་པ་དང་སྟོང་འཁོར་ཀོ་བའི་འཚེམ་དྲུབ་ཀྱི་རྒྱུན་འཛིན་པའི་གྲས་ཤིག་རེད། 1992ལོར་ཁོང་གིས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས་ཏེ་མཚོ་སྔོན་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་ལས་གཏོད་གསོ་སྦྱོང་ལ་གཞོལ་བཞིན་ཡོད། 2006ལོར་ལི་ཡུང་ཆིང་གིས་སློབ་གྲྭའི་ཆེད་ལས་དགེ་རྒན་དང་འཚེམ་དྲུབ་རྒྱག་མཁན་སྒྲིག་འཛུགས་བྱས་ཏེ“ཀོ་བའི་འཚེམ་དྲུབ”ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཞིབ་སྤེལ་བྱེད་འགོ་བཙུགས་པ་རེད།

    “ཀོ་བའི་ཁྱད་ཆོས་ཆེ་ཤོས་ནི་གཞུང་སྐུད་དང་འཕྲེད་སྐུད་མེད་རྐྱེན་ནོར་འཛོལ་ཤོར་མི་རུང་བ་དང་། གལ་སྲིད་ཚེམ་བུ་རྒྱག་ནོར་ཤོར་ནས་སླར་ཡང་ཕྲལ་དགོས་ཚེ་བརྩམས་ཆོས་ཧྲིལ་པོར་སྐྱོན་ཆེན་པོ་ཤོར་བ་དང་། ཁབ་ཤུལ་འགེབས་མི་ཐུབ་རྐྱེན་ཀོ་བའི་འཚེམ་དྲུབ་རྒྱག་པར་རེ་བ་ཧ་ཅང་མཐོ་པོ་ཡོད”ཅེས་ལི་ཡུང་ཆིང་གིས་ངོ་སྤྲོད་བྱས་པ་དང་། དེ་བས་སྤུས་ལེགས་ཀྱི་བརྩམས་ཆོས་ཡིན་ཚེ་དེ་བས་ནོར་འཁྲུལ་ཤོར་མི་རུང་བ་དང་ལྷག་པར་དུ་ཀོ་བའི་སྟེང་འཚེམ་དྲུབ་རྒྱག་པ་དེ་འཚེམ་དྲུབ་རྒྱག་མཁན་གྱི་ལག་རྩལ་ལ་དེ་བས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅེས་ངོ་སྤྲོད་བྱས།

    ལི་ཡུང་ཆིང་གིས་ཀོ་བའི་འཚེམ་དྲུབ་ལ་འཕྲད་པའི་དཀའ་གནད་གཙོ་བོ་ནི་ལག་རྩལ་ཡིན་པ་དང་དེའི་རྒྱུ་མཚན་ནི་ཀོ་བའི་འཚེམ་དྲུབ་ཀྱི་བཟོ་རྩལ་གྱི་རྒྱུན་ཆད་པས་རེད། དམངས་ཁྲོད་རྒྱུན་འཛིན་པ་ཁག་གཅིག་གྲོངས་པ་དང་དཔྱད་གཞི་རྙིང་པ་ཁ་ཐོར་ནས་དེ་ཙམ་མང་པོ་མེད། སྔོན་ཆད་ནི་ཀོ་ཆས་སྟབས་བདེའི་སྟེང་འཚེམ་དྲུབ་རྒྱག་པ་དང་ད་ཆ་ནི་བཟོ་རྩལ་ཐོན་རྫས་ཡིན་པས་རེ་བ་དེ་བས་ནན་པོ་ཡོད། ནོར་ལུག་གི་བལ་སྤུར་ཚོས་རྒྱག་པ་དང་བལ་སྐུད་ཀྱི་སྦོམ་ཕྲ་སོགས་ཚོད་ལྟ་ཡང་ཡང་བྱས་ཏེ་གཞི་ནས་འདེམས་དགོས་ཀྱི་ཡོད། ཀོ་བའི་འཚེམ་དྲུབ་མང་པོ་ཞིག་གི་ལག་རྒྱུན་ཆད་ནས་ཡུན་རིང་སོང་བས་ད་ཆ་ཀོ་བའི་འཚེམ་དྲུབ་རྒྱག་སྐབས་ག་ལེར་འཚོལ་ཞིབ་བྱེད་དགོས་པ་མ་ཟད། ད་དུང་དེང་རབས་པའི་མཛེས་དཔྱོད་ལྟ་བ་གཞིར་བཟུང་འཚེམ་དྲུབ་རྒྱག་དགོས་པར་བརྟེན་ཀོ་བའི་འཚེམ་དྲུབ་དེ་བཟོ་རྩལ་ཐོན་རྫས་ལ་བརྩིས་ནས་ཁྲོམ་རར་བཏོན་པ་ནི་འགོ་གསར་པ་བཙུགས་པ་ཞིག་དང་མཚུངས་ཞེས་བཤད།

    ད་ཆ་སྟོང་འཁོར་གྱི་ཀོ་བའི་འཚེམ་དྲུབ་དེ་མཚོ་བོད་ས་མཐོའི་དམངས་ཁྲོད་སྒྱུ་རྩལ་རྩེ་གྲ་ཞིག་ཏུ་གྱུར་བ་དང་འབྲེལ་ཐོན་ལས་ཁྲོམ་རར་བཏོན་པ་དང་། ཐོན་རྫས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་དུ་འདྲེན་ཚོང་བྱས་པར་རི་པིན་དང་། ཨུ་རུ་སུ། དབྱིན་ཇི་སོགས་རྒྱལ་ཁབ་ཀྱི་དོ་ཁུར་དང་ཁས་ལེན་ཆེན་པོ་ཐོབ་ཡོད། སྟོང་འཁོར་གྱི་ཀོ་བའི་འཚེམ་དྲུབ་ཀྱིས་ཀྱང་དེའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ལ་བརྟེན་ནས་ཀྲུང་གོའི་འཚེམ་དྲུབ་རིགས་ཀྱི་སྟོང་ཆ་བསྐངས་པ་རེད།

    བཟོ་སྐྲུན་ལས་རིམ་རྙོག་འཛིང་ཆེ་བའི་རྐྱེན་གྱིས་ཕུལ་དུ་བྱུང་བའི་ཀོ་བའི་འཚེམ་དྲུབ་མཁན་ཞིག་གསོ་སྐྱོང་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ལོ་38ལ་སླེབས་པའི་ཚའོ་ཧྲོའུ་དབྱིང་ནི་ལི་ཡུང་ཆིང་གི་སློབ་མ་ཁག་དང་པོ་དེ་ཡིན་པ་དང་། ད་ཆ་ཚད་ལོན་པའི་འཚེམ་དྲུབ་མཁན་ཞིག་དང་ལག་རྩལ་འཆད་ཁྲིད་པ་ཞིག་ཏུ་གྱུར་ནས་ཁོང་གིས་རྟག་ཏུ་ཐག་རིང་ལུང་ཁུག་ས་ཁུལ་གྱི་གྲོང་གསེབ་ཀྱི་བུད་མེད་ལ་ལག་རྩལ་བསླབས་ཏེ་ཀོ་བར་འཚེམ་དྲུབ་ལས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    ལི་ཡུང་ཆིང་གིས“ངའི་རེ་བར་ཀོ་བའི་འཚེམ་དྲུབ་འཕེལ་རྒྱས་ཆེན་པོ་བཏང་ནས་ཀོ་བའི་འཚེམ་དྲུབ་ཀྱི་དངོས་སྤྱོད་རང་བཞིན་ཆེ་རུ་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱེད་པ་དང་། གཞན་ཡང་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་མི་སྣ་སྐྱེད་སྲིང་བྱས་པ་བརྒྱུད་ཀོ་བའི་འཚེམ་དྲུབ་ཀྱི་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་ཧུར་ཐག་ཐུབ་པ་བྱེད་དགོས”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།