[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མྱུལ་དཔྱད་སྣེ་ཤན་པ་ཁྲེན་ཡུང་ཆུན་གྱིས་ཐང་སྟོང་དུ་འཚོ་གནས་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་གྱི་ནུབ་བྱང“གཙང་གསུམ་མཉམ་རྒྱུག”ཁུལ་དུ་གྲགས་ཅན་གྱི་རི་བོ་དང་ཆུ་བོ་ཆེན་པོ་ཧ་ཅང་མང་པོ་ཡོད་པས་རྐང་ཐང་མར་སྐྱོད་པ་དང་། རྐང་འཁོར་བཞོན་པ། སྒེར་འཁོར་གཏོང་བ་བཅས་ལ་དགའ་མཁན་ཚོ་སྐྱོད་ཡུལ་ཞིག་རེད།

    ཡུན་ནན་དང་བོད་འབྲེལ་མཚམས་སུ་གནས་པའི་ཀུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་དུ་བོད་ལ་བསྐྱོད་སའི་གསང་ལམ་གཉིས་ཡོད་པ་དེས། ཐང་སྟོང་དུ་མྱུལ་དཔྱད་བྱེད་མཁན་ཚོའི་ཡིད་དབང་འགུག་གི་ཡོད། ལམ་རྒྱུས་མངའ་ཡོད་མཁན་ཏུའུ་ལུང་བས་མྱུལ་དཔྱད་པ་ཚོའི་སྣེ་ཤན་པ་བྱེད་ཀྱི་ཡོད། ཁྲེན་ཡུང་ཆུན་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་བ་ཞིག་རེད། ཁོང་ཚོགས་པ་དེར་སྐད་གྲགས་ཡོད་པའི་མྱུལ་དཔྱད་སྣེ་ཤན་པར་གྱུར་ཡོད།

    ལོ་39ལ་སླེབས་པའི་ཁྲེན་ཡུང་ཆུན་ཏུའུ་ལུང་ཅང་ཤང་གི་ཆེས་བྱང་ཕྱོགས་ཏི་ཀྲེང་ཏང་གྲོང་ཚོ་ནས་ཡིན་པ་དང་དེའི་བྱང་ངོས་ནི་བོད་ཀྱི་རྫ་ཡུལ་རྫོང་ཡིན་པ་རེད།

    རི་ཁྲོད་དུ་གནས་པའི་ཏུའུ་ལུང་བ་ཚོར་ཆུང་དུས་ནས་ཐང་སྟོང་དུ་འཚོ་གནས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད།

    2004ལོར། ཨན་ཧུའེ་ཡི་དགེ་རྒན་ཞིག་ཏི་ཀྲེང་ཏང་གྲོང་ཚོར“གདོང་གཙག་བུད་མེད”པར་རྒྱག་པར་ཡོང་སྐབས། དེ་གར་བོད་དུ་སྐྱོད་སའི་བགྲོད་ལམ་ཡོད་པ་ཤེས་རྗེས་སྤྲོ་སྣང་ཆེན་པོས་སྣེ་ཤན་པ་འཁྲིད་དེ་བོད་དུ་བསྐྱོད་རྩིས་བྱས། སྐབས་དེ་དུས་གྲོང་ཚོའི་ནང་བོད་དུ་སྐྱོད་མྱོང་མཁན་ཁྲེན་ཡུང་ཆུན་ཁོ་ན་ལས་མེད་པས་ཁོང་གིས་དགེ་རྒན་དེའི་སྣེ་ཤན་པ་བྱས། དེ་ནས་བཟུང་ཁོང་གིས་མྱུལ་དཔྱད་སྣེ་ཤན་པའི་འཚོ་བ་སྐྱེལ་འགོ་ཚུགས།

    ཁྲེན་ཡུང་ཆུན་གྱིས“རྗེས་སུ་མྱུལ་དཔྱད་ཡུལ་སྐོར་བ་རིམ་གྱིས་མང་དུ་སོང་བ་དང་རང་ཉིད་སྣེ་ཤན་པར་སྐད་གཏོང་མཁན་ཡང་ཇེ་མང་དུ་ཕྱིན་སོང”ཞེས་བཤད། མི་ཁག་གཅིག་གིས་དྲ་ཐོག་ཏུ་མྱུལ་དཔྱད་དུ་སྐྱོད་པའི་མྱོང་ཚོར་འབྲི་སྐབས་ཁོང་གི་ཁ་པར་ཨང་གྲངས་ཀྱང་ཁྱབ་བསྒྲགས་བྱས་ཡོད་པས་ཡུལ་སྐོར་བ་མང་པོས་ཁོང་གི་ཁ་པར་ཨང་གྲངས་ཤེས་ཀྱི་ཡོད་པས་མྱུལ་དཔྱད་དུ་མ་ཡོང་གོང་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་གི་ཡོད།

    ཏི་ཀྲེང་ཏང་གྲོང་ཚོའི་གྲོང་མི་མང་པོས་མྱུལ་དཔྱད་སྣེ་ཤན་པ་བྱེད་ཀྱི་ཡོད། དེ་ག་ནས་རྐང་ཐང་མར་བོད་དུ་སྐྱོད་སའི་ལམ་གཉིས་ཡོད་དེ། གཅིག་ནས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་རི་གདོང་གྲོང་ཚོར་སླེབས་ཀྱི་ཡོད་པ་དང་སྐྱོད་ཐེངས་རེར་གླ་ཆ་སྒོར་2000ཡིན་པ་དང་། གཅིག་ཤོས་ནས་རྫ་ཡུལ་རྫོང་ཚ་བ་རོང་ཤང་འདྲ་ངོས་གྲོང་ཚོར་སླེབས་ཀྱི་ཡོད་པ་དང་སྐྱོད་ཐེངས་རེར་གླ་ཆ་སྒོར་1300ཡིན་པ་རེད། སྣེ་ཤན་པ་ཚོས་དོ་པོ་འཁྱེར་རོགས་བྱེད་པ་དང་སྐྱོད་ཐེངས་རྐྱང་པར་ཉིན་6ནས་9བར་འགོར་གྱི་ཡོད།

    ན་ནིང་ཟླ་5པར་ཨ་རིའི་མྱུལ་དཔྱད་པ་ཧེ་སེན·ཨའོ་ཏའེའར་གྱིས་རུ་སྣེ་ཁྲིད་པའི་པར་རྒྱག་ཚོགས་ཆུང་ཏུའུ་ལུང་ཅང་ཤང་དུ་སྐྱོད་དེ། ཐང་སྟོང་དུ་འཚོ་ཐབས་བྱེད་པའི་གནས་ཚུལ་དངོས་མཚོན་གློག་བརྙན་ལེའུ་གཅིག་པར་བླངས་པ་རེད། ཁྲེན་ཡུང་ཆུན་གྱིས་དེའི་ནང་ཧེ་སེན་གྱི“སྣེ་ཤན་པ”འཁྲབ་ཡོད་པ་རེད།

    ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། ཁྲེན་ཡུང་ཆུན་གྱིས་ཏུའུ་ལུང་ཅང་དུ་མགྲོན་ཁང་ཞིག་བཙུགས་ནས་ཡུལ་སྐོར་བ་ཚོར་སྡོད་གནས་དང་ཁ་ལག་མཁོ་འདོན་བྱེད་ཀྱི་ཡོད། ཉེ་བའི་ལོ་གཉིས་ཙམ་ནང་། ཏུའུ་ལུང་ཅང་ཤང་དུ་གཞུང་ལམ་རིམ་སྤོར་བྱེད་ཀྱི་ཡོད་པས་ཡུལ་སྐོར་གནས་སྐབས་མཚམས་འཇོག་བྱས་པ་དང་འདི་ལོའི་རྒྱལ་སྟོན་ནས་ཡུལ་སྐོར་སླར་གསོ་བྱ་རྩིས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།