[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ལམ་སྐྱོང་ལས་ཁུལ་ཆུང་ངུའི་གསར་གཏོད་པ་མཁས་ཅན།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “སྣུམ་མདོང་གི་འཚག་དྲ་འགགས་འདུག ཡིན་ནའང་སྐྱོན་ཆེ་བ་མི་འདུག སྒོར་གཉིས་བྱས་པའི་འཚག་དྲ་ཞིག་ཉོས་ནས་བརྗེས་ན་འགྲིག་གི་རེད”ཅེས་ཧྥང་དབན་ཕིན་གྱིས་ལག་པར་བགོས་པའི་སྣུམ་སྙིགས་འཕྱིད་བཞིན་འཛུམ་དམུལ་དམུལ་ངང་བཤད།

    ཧྥང་དབན་ཕིན་ནི་མི་23ལས་མེད་པའི་མཚོ་སྔོན་ཞིང་ཆེན་སྟོང་སྐོར་གཞུང་ལམ་དུམ་བུའི་སྟོང་སྐོར་ལས་ཁུལ་གྱི་གྲགས་ཅན་མི་སྣ་ཞིག་ཡིན་པ་དང་ཁོང་གི་མིང་བརྗོད་ཚེ། གཞུང་ལམ་དུམ་བུའི་མི་ཚང་མས་མཐེ་བོང་བསྒྲེངས་ནས“ཁོང་ནི་གསར་གཏོད་པ་མཁས་ཅན་ཞིག་རེད”ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    མཐོ་འབྲིང་ལས་འགྲོ་མི་མྱོང་བའི་ཁོང་གིས་རྒྱུན་དུ་ནས་ཅ་ལག་ཆུང་ཆུང་དཔེར་ན་སྐོར་ཆོག་པའི་གློག་སྒྲོན་དང་ཆུ་འགོག་སྒྲ་སྡུད་འཕྲུལ་འཁོར་སོགས་ལ་བཟོ་བཅོས་རྒྱག་དགའ་པོ་ཡོད། “ཁོང་གིས་བཟོས་པའི་ཅ་དངོས་དེ་དག་ཚང་མ་ཆུང་ཆུང་ཡིན་ནའང་འཚོ་བ་དངོས་ནང་ཧ་ཅང་གོ་ཆོད་པོ་འདུག”ཅེས་ལས་རོགས་ཧྲི་ཏེ་ཤིན་གྱིས་བཤད།

    ཆར་ཆུ་འབེལ་བའི་དབྱར་དུས་སུ་སྟོང་སྐོར་གཞུང་ལམ་དུམ་བུས་བདག་སྐྱོང་བྱེད་དགོས་པའི་རྒྱལ་ལམ་109ལམ་ཐིག་དང་རྒྱལ་ལམ་315ལམ་ཐིག་སོགས་ཀྱི་ལམ་རྒྱུད་དུ་རྩྭ་ངན་མང་པོ་སྐྱེས་པས་དེ་དག་ལམ་སྐྱོང་བ་ཚོའི་ཁ་གཏད་གཅག་ཡུལ་གཙོ་བོར་གྱུར། “ཆར་པ་བབས་ཚེ། རྩྭ་ངན་ཧ་ཅང་སྐྱེ་མགྱོགས་པོ་ཡོད། གལ་ཏེ་འགོག་མཁན་མེད་ན་ལམ་ངོས་སུ་སྐྱེས་ནས་འགྲོ་འོང་རླངས་འཁོར་གྱི་བདེ་འཇགས་ལ་གནོད་ཀྱི་ཡོད། དེ་སྔ་ལམ་སྐྱོང་བ་གཅིག་གིས་ལྕགས་ཁྱེམ་ལ་བརྟེན་ནས་ཉིན་གཅིག་ལ་སྨི་200ཙམ་ལས་གཙང་སེལ་བྱེད་མི་ཐུབ་པས་དངོས་ནས་དཀའ་ལས་ཆེན་པོ་ཡོད”

    དུས་ཚིགས་དེར་སླེབས་རིམ་བཞིན་སྟོང་སྐོར་ལས་ཁུལ་དཔོན་ཧྥང་དབན་ཕིན་ལ་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། “ཉིན་ལྟར་སྨི་200ལས་གཙང་སེལ་བྱེད་མི་ཐུབ་ལ་དུས་ཚོད་ཀྱང་མང་པོ་འགོར་གྱི་འདུག མ་ཟད་རྩྭ་ངན་སྐྱེ་མགྱོགས་པས་བཀོག་མ་ཐག་ཉིན་ཤས་ལས་མ་སོང་བར་བསྐྱར་དུ་སྐྱེ་ཡི་ཡོད། གལ་ཏེ་བཙས་འཁོར་ཞིག་ཡོད་ན་ལས་ཆོད་མགྱོགས་སུ་འགྲོ་སྲིད”

    2013ལོའི་ཟླ་5པར་ཧྥང་དབན་ཕིན་ལས་རོགས་ཚོ་དང་མཉམ་དུ་བཟོ་ཁུལ་དུ་ལས་ཀ་བྱེད་སྐབས། རྒྱང་རིང་ནས་ས་སྙོམས་འཕྲུལ་འཁོར་གྱི་སྐད་སྒྲ་ཞིག་ཐོས་པ་དང་སྐབས་དེ་དུས་ཁོང་གི་རིག་པའི་ཀློང་བརྡོལ་ནས་འཕྲལ་དུ“ལམ་རྒྱུད་ཀྱི་བཙས་འཁོར་ཚོད་བཟོའི་འགག་སྒྲོལ་ཚོགས་ཆུང”སྟོང་སྐོར་ལས་ཁུལ་དུ་བཙུགས་པ་དང་ཧྥང་དབན་ཕིན་གྱིས་ཚོགས་ཆུང་གི་འགན་འཁུར་བ་བྱས།

    ཁོང་དང་ལས་རོགས་ཚོས་ལོ་ཕྱེད་རིང་རྒྱུན་ཆད་མེད་པར་ལེགས་བཅོས་དང་ཚོད་ལྟ་བྱས་པ་བརྒྱུད། 2013ལོའི་ལོ་མཇུག་ཏུ་བཙས་འཁོར་ཞིབ་བཟོ་ལམ་ལྷོངས་བྱུང་བ་རེད། “འཕྲུལ་འཁོར་དེ་རྒྱུན་གཏན་གྱི་ས་སྙོམས་འཕྲུལ་འཁོར་གྱི་རྩ་བའི་རིག་པ་གཞིར་བཟུང་བཟོས་པ་ཞིག་ཡིན་པ་དང་། དེ་བེད་སྤྱད་རྗེས་མི་གཅིག་གིས་ཉིན་གཅིག་ལ་མ་མཐར་ཡང་སྤྱི་ལེ་20ཡི་རྩྭ་ངན་འགོག་ཐུབ་པས་ལས་ཆོད་ཆེས་ཆེར་ཕྱིན་སོང་”ཞེས་སྤྱོད་མཁན་དང་པོ་མ་ཤིན་གྱིས་བཙས་འཁོར་དེར་བསྔགས་བརྗོད་ཁས་ལེན་ཡང་ཡང་བྱས།

    ད་ཆ་ཧྥང་དབན་ཕིན་གྱིས་གསར་གཏོད་བྱས་པའི་ལམ་རྒྱུད་ཀྱི་བཙས་འཁོར་དེ་སྟོང་སྐོར་གཞུང་ལམ་དུམ་བུའི་དབྱར་དུས་ལས་སྒྲུབ་ཀྱི“ཚད་ལྡན་སྒྲིག་ཆས”སུ་གྱུར་པ་དང་དེ་སྔ་རྩྭ་ངན་འགོག་པའི་ལས་འགན་ཨང་དང་པོ་དེ་ད་ཆ་ལམ་སྐྱོང་བཟོ་པ་ཚོས་ལག་ཞོར་དུ་ཐག་གཅོད་ཐུབ་པའི་གནད་དོན་ཆུང་ངུར་གྱུར་ཡོད།

    གཞུང་ལམ་གྱི་གཙང་སྦྲའི་རླངས་འཁོར་དང་། སྒུལ་སྐྱོད་རྣམ་པའི་གློག་སྒུལ་མཐོ་དམའ་གཉིས་ལྡན་གྱི་གློག་སྒྲོན། བདག་སྐྱོང་འཕྲུལ་འཁོར་གྱི་འདྲུད་འཁོར་ཆུང་གྲས་སོགས་ཧྥང་དབན་ཕིན་གྱིས་གསར་གཏོད་བྱས་པའི་དངོས་པོ་དེ་དག་གིས་ལས་རོགས་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། “ཁོང་གིས་གསར་གཏོད་བྱས་པའི་དངོས་པོ་དེ་དག་གིས་ང་ཚོས་ལས་ཀ་བྱེད་སྐབས་འཕྲད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཡོད་པས་གསར་གཏོད་མཁས་ཅན་ཁོང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”

    མིག་སྔའི་བར་མཐོ་འབྲིང་ལས་འགྲོ་མ་མྱོང་བའི“གསར་གཏོད་མཁས་ཅན”ཁོང་ལ་རྒྱལ་ཁབ་ཀྱི་ཆེད་ཁེ་གསུམ་ཐོབ་པ་དང་2014ལོར་ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྲད་པའི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ལག་རྩལ་མཁས་པའི”མཚན་སྙན་ཡང་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།