[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་ས་མཐོའི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

     ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གངས་ལྗོངས་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཀྲོའུ་ནི་གནམ་གཤིས་འགྱུར་ལྡོག་ཆེ་བས། དེ་གའི་འབྲོག་ཁུལ་གྱི་མང་ཚོགས་ཚོར་དུས་ཐོག་ཏུ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་དང་འཚོ་བའི་དངོས་ཟོག་སྤྲོད་ཆེད། གུ་རུ་ཚེ་རིང་སོགས་འབྲོག་པ་ཁག་གཅིག་ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་གིས་ལོ་མང་རིང་རྟ་བཞོན་ནས་ཀྱག་ཀྱོག་གི་རི་ལམ་དུ་འགྲོ་འོང་བྱེད་པར་མི་རྣམས་ཀྱིས“རྟ་ཐོག་སྒྲོག་འགྲེལ་རུ་ཁག”ཅེས་འབོད་ཀྱི་ཡོད་པ་རེད།

    མགོ་ལོག་ཀྲོའུ་དགའ་བདེ་རྫོང་གི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”ནི་2018ལོའི་ཟླ་གསུམ་པར་བཙུགས་ཤིང་། དེ་ནི་མགོ་ལོག་གི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”དང་པོ་ཡིན་པ་རེད། སྒྲོག་འགྲེལ་བྱ་ཡུལ་ཞིག་ཏུ་སླེབས་རིམ་བཞིན་སྒྲོག་འགྲེལ་ལས་བྱེད་པ་མང་ཚོགས་དང་མཉམ་དུ་སྡེར་ཐང་ལ་བསྡད་དེ། དམངས་ཕན་སྲིད་ཇུས་གསར་ཤོས་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་དག་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་པ་མ་ཟད། ད་དུང་དྲིལ་བསྒྲགས་དཔྱད་གཞི་ཡང་སྤྲོད་ཀྱི་ཡོད་པ་རེད།

    “སྒྲོག་འགྲེལ་རུ་ཁག་གིས་རུ་མི་འདེམས་པར་གོ་རིམ་ཧ་ཅང་ནན་པོ་ཡོད་པ་སྟེ། རི་ལམ་འཛེགས་ཐུབ་ལ་རྟ་རྩལ་ཡང་ཡག་པོ་ཡོད་དགོས་པ་མ་ཟད། ད་དུང་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཡང་དག་བྱེད་ཐུབ་པ་དགོས། དེས་མ་ཟད། ད་དུང་བཞོན་རྟ་འདེམས་པར་ཡང་ཧ་ཅང་ནན་པོ་ཡོད”ཅེས་སྒྲོག་འགྲེལ་རུ་ཁག་གི་རུ་མི་བདེ་ལྡན་གྱིས་བརྗོད།

    སྒྲོག་འགྲེལ་རུ་ཁག་གི་རུ་མི་འབྲོག་ཁྱིམ་དུ་སླེབས་སྐབས། ཁོང་ཚོས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་ཕན་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ནན་ཏན་བྱས་ཏེ། འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་ཐག་རིང་ལུང་ཁུག་ཏུ་གནས་པའི་འབྲོག་པ་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད་པ་རེད།

    “སྔོན་ཆད་ལུག་འཚོ་བ་ལས་ཅི་ཡང་མི་ཤེས་པས། ལོ་གཅིག་ནང་ཟླ་བ་བདུན་རི་ལ་ལུག་འཚོས་ནས་སྡོད་ཀྱི་ཡོད། ད་ཆ་སྨན་བཅོས་བྱེད་པར་སྨན་བཅོས་འགན་བཅོལ་ཡོད་ལ་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། དཀར་ཆ་དོད་པའི་བདེ་སྡོད་ཁང་པའི་ནང་ཡང་སྡོད་རྒྱུ་བྱུང་ནས། འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་། འདི་དག་ཚང་མ་སྒྲོག་འགྲེལ་རུ་ཁག་དང་འབྲེལ་བ་དམ་ཟབ་ཡོད། གལ་སྲིད་ཁོང་ཚོ་མེད་ཚེ། ང་ཚོས་སྲིད་ཇུས་ཡག་པོ་འདི་དག་ཤེས་མི་སྲིད”ཅེས་འབྲོག་པ་གཡུང་དྲུང་གིས་བརྗོད།

    སྲིད་ཇུས་སྒྲོག་འགྲེལ་བྱེད་པ་ཕུད། སྒྲོག་འགྲེལ་རུ་ཁག་གིས་ད་དུང་རྩྭ་ཐང་གི་སྨན་པའི་འགན་ཡང་ཁུར་ཡོད། འབྲོག་ཁུལ་དུ་བསྐྱོད་དུས་འབྲོག་པ་ཚོར་འཕྲལ་སྡོམ་སྨན་རྫས་རིན་མེད་ངང་སྤྲད་དེ་ཁོང་ཚོའི་ནད་གཞི་ཆུང་ངུའི་རིགས་སྨན་བཅོས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་རྒྱུན་སྤྱོད་ཀྱི་ཕྱུགས་སྨན་ཁྱེར་ནས་ནོར་ལུག་ལ་ཡང་སྨན་བཅོས་བྱས་ཏེ། སྲོག་ཆགས་གི་རིམས་ནད་དུས་ཐོག་ཏུ་འགོག་ཟོན་དང་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་གསུམ་པ་ནས་2019ལོའི་ཟླ་ལྔ་པའི་བར། སྒྲོག་འགྲེལ་རུ་ཁག་གི་ཉམས་མྱོང་ཁྱབ་གདལ་སྔར་བས་གཏིང་ཟབ་གཏོང་ཆེད། མགོ་ལོག་ཀྲོའུ་དགའ་བདེ་རྫོང་གིས“རྟ་ཐོག་སྐད་འཕྲིན་སྒྲོག་འགྲེལ་རུ་ཁག”དང་། “རྟ་ཐོག་བུད་མེད་སྒྲོག་འགྲེལ་རུ་ཁག” “རྒྱ་གྲམ་དམར་པོ་རྟ་ཐོག་དང་བླངས་ཞབས་ཞུའི་རུ་ཁག”བཅས་སྔ་རྗེས་སུ་བཙུགས་ནས། སྒྲོག་འགྲེལ་ཚོགས་ཆེན་གཙོ་བོར་བྱེད་པ་དང་བྱེད་ཐབས་གཞན་དག་ཕལ་པར་བྱེད་པའི་སྒྲོག་འགྲེལ་བྱེད་སྟངས་གསར་པ་ཞིག་ཆགས་ཡོད་པ་རེད།

    ད་ཆ། “རྟ་ཐོག་སྒྲོག་འགྲེལ་རུ་ཁག”ཁག་ས་མཐོའི་རི་ཁུལ་དང་རྩྭ་ཐང་འགྲིམས་ནས་འབྲོག་པ་མང་ཚོགས་ལ་ཆ་འཕྲིན་ཤར་གཏོང་ཐུབ་པའི་བརྩེ་སེམས་ཀྱི་ཟམ་པ་ཞིག་སྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།