[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • དོམ་ཁྲ་འཚོ་སྡོད་ཁུལ་སྣོད་བཅུད་ལེགས་པའི་ཞིང་ཁམས་སུ་བསྒྱུར་བ།

    —— སི་ཁྲོན་རྔ་པ་སོགས་ས་ཁུལ་གྱིས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁུལ་གྱི་འཚོལ་ཞིབ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    སི་ཁྲོན་དུ་འཚོ་གནས་བྱེད་པའི་བདག་ཏུ་མ་བཟུང་བའི་དོམ་ཁྲ་1300ལྷག་ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་དོམ་ཁྲའི་བསྡོམས་འབོར་གྱི་74%བཟུང་ཡོད། སི་ཁྲོན་གྱིས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དོམ་ཁྲ་འཚོ་གནས་ཁུལ་སྣོད་བཅུད་ལེགས་པའི་ཞིང་ཁམས་སུ་བསྒྱུར་ནས“རྒྱལ་ཁབ་ཀྱི་གཅེས་ནོར”ལ་འགན་ལེན་སྔར་ལས་ལྷག་པ་བྱས་དང་བྱེད་བཞིན་ཡོད།

    འཆར་འགོད་བྱེད་བཞིན་པའི་དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་27134ཟིན་པའི་ནང་སི་ཁྲོན་ཡུག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་20177ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི་74.36%བཟུང་ཡོད།

    དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་2018ལོའི་ཟླ་10ཚེས་29ཉིན་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་རྗེས། སི་ཁྲོན་ཞིང་ཆེན་ནཌ་ལས་དང་རྩྭ་ཐང་ཅུས་ཀྱིས་ཟླ་11པར“དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་སི་ཁྲོན་ཞིང་ཆེན་དོ་དམ་ཅུས”ཞེས་པའི་སྒོ་བྱང་སྣོན་འགེལ་བྱས་པ་དང་། 2019ལོའི་ཟླ་དང་པོར་དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་སི་ཁྲོན་ཞིང་ཆེན་དོ་དམ་ཅུས་ཀྱི་ཡན་ལག་ཅུས་7གྱི་སྒོ་བྱང་ཡང་དུས་མཚུངས་སུ་ཁྲེང་ཏུའུ་དང་། མན་དབྱང་། ཡཱ་ཨན། ཀོང་ཡོན། རྔ་པ། ཏེ་དབྱང་། མེ་ཧྲན་བཅས་སུ་བཀལ་བ་ལས་སི་ཁྲོན་དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    ཚན་ཞིབ་ནི་སི་ཁྲོན་གྱིས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། སི་ཁྲོན་གྱིས་ཚན་ཞིབ་ཀྱི་ཁྱབ་ཁོངས་མདུན་མར་དམ་པོར་དམིགས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཐབས། སྡེ་ཁུལ་མཉམ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་དང་། སྣོད་བཅུད་ཀྱི་རྐྱེན་རྩ། སྣོད་བཅུད་ལ་ལྟ་ཞིབ་ཚད་ལེན། ཆ་འཕྲིན་ཅན་འཛུགས་སྐྱོང་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཕྲ་ཕུང་རིག་པ་དང་རྒྱུད་འཛིན་རིག་པའི་གྲུབ་འབྲས་གསར་ཤོས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་ཐོག་ནས་དོམ་ཁྲའི་རྒྱུད་པ་དང་། གཞི་རྒྱུའི་མཛོད། གྲངས་གཞིའི་མཛོད་བཅས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

    ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། སི་ཁྲོན་གྱི་དོམ་ཁྲའི་ཚན་ཞིབ་མི་སྣས་མི་གསོས་དོམ་ཁྲའི“དྲུས་རྩ་ལངས་དཀའ་བ་དང་། དོམ་ཕྲུག་འཁོར་དཀའ་བ། དོམ་ཕྲུག་གསོ་དཀའ་བ”བཅས་ཀྱི་གནད་དོན་སྔ་རྗེས་སུ་བསལ་བ་དང་། རྒྱུད་པ་དང་གཞི་རྒྱུ་སོགས་ལ་ཞིབ་འཇུག་བྱས་པས། མི་ཐབས་ལ་བརྟེན་ནས་དོམ་ཁྲ་གསོས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཆིང་ཤིས་གྲོང་རྡལ་ལུའོ་དབྱི་ཀོ་གྲོང་ཚོ་ནི་ཐང་ཅ་ཧོའི་ཁོངས་ཀྱི་ད་ཡོད་ཀྱི་སྲིད་འཛིན་གྲོང་ཚོ་གཅིག་པུ་དེ་ཡིན་ཞིང་། རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ལུའོ་དབྱི་ཀོ་གྲོང་ཚོའི་འདེབས་འཛུགས་བྱེད་སྟངས་སྣ་གཅིག་ཅན་ཡིན་པ་དང་། ཡུལ་མིའི་ཡོང་འབབ་ཉུང་བ། སྣོད་བཅུད་སྲུང་སྐྱོང་དང་སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འགལ་བ་ཡུན་རིང་གནས་པ་སོགས་ཀྱི་གནད་དོན་ལྷག་ཡོད།

    གནད་དོན་དེ་དག་ཐག་གཅོད་བྱ་ཆེད། ཐང་ཅ་ཧོ་དོ་དམ་ཁྲུའུ་ཡིས་སྡེ་ཁུལ་གྱི་ཐུན་མོང་དོ་དམ་འཆར་གཞི་བཀོད་དེ་ལོའུ་དབྱི་ཀོ་གྲོང་ཚོའི་དེ་སྔའི་ཡུལ་མིའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་བ་དང་། “དུད་ཚང་རེ་ནས་མི་རེ་ལས་ཞུགས་ཐུབ་པའི་འཆར་གཞི”ལག་ལེན་བསྟར་འགོ་བཙུགས་པ། ས་གནས་དེ་གའི་མང་ཚོགས་ལ་དོམ་ཁྲ་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་རིན་མེད་དུ་འཆད་ཁྲིད་བྱས་པ། གྲོང་མི་ཚོར“སྣོད་བཅུད་ནགས་སྲུང་བ”དང་། “ངལ་ནུས་ཕྱིར་གཏོང་བ”“མཉམ་སྐྲུན་མཉམ་སྡོམ་བ”བཅས་བྱེད་དུ་བཅུག་པ་ལས་ཁོང་ཚོ“དོམ་ཁྲའི་སྤྱི་གླིང་བ”ཞིག་ཏུ་གྱུར་ཡོད།

    སླད་ཕྱིན་སི་ཁྲོན་གྱིས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་མ་ལག་བཙུགས་ཏེ། ཁ་ཐོར་གྱི་དོམ་ཁྲ་འཚོ་གནས་ཁུལ་གཅིག་ཏུ་སྦྲེལ་བ་དང་། རིམ་ཁག་སྲུང་སྐྱོང་ཁུལ་ལ་ཁ་ཐོར་དུ་ཆགས་པའི་ད་ཡོད་ཀྱི་རང་བྱུང་ཐོན་ཁུངས་དག་དོ་དམ་བྱེད་པོ་གཅིག་གིས་ཁོངས་སུ་གཏོགས་པར་བྱེད་པ། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་དོམ་ཁྲ་དང་། འཚོ་གནས་ཁུལ། འགྲོ་འོང་བྱེད་ལམ་བཅས་ལ་རྟག་ཏུ་ལྟ་ཞིབ་ཚད་ལེན་དང་རྗེས་འདེད་ལྟ་ཞིབ་བྱེད་པ། སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འགལ་བ་སེལ་བ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དོ་སྙོམས་ཡོང་བ་བཅས་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཞིག་ཆཌ་པ་བྱ་རྒྱུ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་པའི་གློག་འཕྲིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།