[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྨ་ཆུའི་ཆུ་འགོ་བརྟན་སྲུང་བྱེད་མཁན“དགུ་བཅུའི་ནང་སྐྱེས”ཀྱི་ན་གཞོན།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

     ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་རྨ་ཆུའི་ཆུ་འགོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཞིབ་འཇུག་དཔེ་སྟོན་ས་ཚིགས་ཀྱི་སྒོ་རའི་ནང་། ལི་ཧྥན་དང་ཐོག་མར་འཕྲད་པ་དང་འདི་གར་ས་བབ་མཐོ་ཚད་སྨི་4300ཙམ་ཟིན་གྱི་ཡོད།

    ལོ་28ལ་སླེབས་པའི་ལི་ཧྥན་ས་ཚིགས་འདིར་ལས་ཀ་བྱས་ནས་ལོ་གཉིས་འགྲོ་ཡི་ཡོད། ལོ་ལྟར་ཟླ་4པ་ནས་8པའི་བར། ཁོང་གིས་རུ་མི་དང་མཉམ་དུའམ་ཡང་ན་གཅིག་པུར་ཐང་རྒོད་དུ་ལས་ཀ་བྱེད་ཀྱི་ཡོད།

    དཔེ་སྟོན་ས་ཚིགས་དེ་སྐྱ་རེངས་མཚོ་དང་སྔོ་རེངས་མཚོའི་དབར་གྱི་གཡག་མགོ་རྡོ་རིང་བར་ཡོད་ཅིང་ལམ་ཐག་སྤྱི་ལེ་40ལྷག་ཙམ་ལས་མེད་པ་དང་། རིང་ཚད་སྨི་5ཡི་གཡག་མགོ་རྡོ་རིང་ནི་རྨ་ཆུའི་ཆུ་འགོའི་མཚོན་རྟགས་ཤིག་རེད། མཚོ་བོད་ས་མཐོའི་དབུས་སུ་གནས་པའི་རྨ་སྟོད་རྫོང་ལ“རྨ་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་བརྗོད་སྲོལ་ཡོད་པ་དང་། འདི་ནི་དེང་སྐབས་མིའི་རིགས་འཚོ་སྡོད་བྱེད་པའི་ཁོར་ཡུག་ཞན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད།

    “རྨ་ཆུའི་ཆུ་འགོར། ང་ཚོས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འཚོལ་ཐུབ་ལ། སྲོག་ཆགས་ཞིབ་འཇུག་གི་རྨང་གཞིའི་གྲངས་གཞི་དེ་བས་ཁོང་དུ་ཆུད་ཐུབ”ཅེས་ཡུན་རིང་ཐང་རྒོད་དུ་ཚན་ཞིབ་ལས་དོན་བསྒྲུབས་པས་ཁོང་གི་སྐད་ཆ་དལ་ལ་གསལ། ཁོང་གིས“ཉིན་ལྟར་ཆུ་ཚོད་5པར་ཡར་ལངས་ནས་ལམ་རྒྱགས་དང་བརྟག་དཔྱད་ཡོ་བྱད་སྣ་ཚོགས་འཁྱེར་ནས་ཐོན་པ་དང་། མུན་པ་རུབ་སྐབས་གཞི་ནས་ཐང་རྒོད་ཀྱི་ལས་དོན་མཇུག་སྒྲིལ་གྱི་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་རྨ་ཆུའི་ཆུ་འགོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཞིབ་འཇུག་དཔེ་སྟོན་ས་ཚིགས་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་མཉམ་སྐྲུན་ས་ཚིགས་ཤིག་རེད། ས་ཁུལ་གྱི་སྣོད་བཅུད་ཀྱི་རླུང་ཕྱོགས་སྟོན་རྟགས་ཤིག་ཡིན་པས་ཉེ་བའི་ལོ་ཤས་རིང་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་རྒྱུན་མཐུད་ལྟ་ཞིབ་དང་། ཐོ་འགོད། དབྱེ་ཞིབ་བཅས་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མཁོ་འདོན་བྱས་ནས་ས་ཁོངས་སྣོད་བཅུད་སྲུང་སྐྱོང་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཆེད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

    ལི་ཧྥན་གྱིས“མིག་སྔར་རུ་ཁག་ལ་མི་གྲངས་18ཡོད་པ་དང་། ཚང་མ་རང་བྱུང་ཁམས་ལ་དགའ་ཞེན་དང་ཡིད་སྨོན་བྱེད་མཁན་གྱི་བློ་སེམས་མཐུན་པ་ཤ་སྟག་རེད”ཅེས་བཤད། ཁོང་གི་ངོས་ནས་བརྗོད་ན་འདི་གར་སྲོག་ཆགས་ཞིབ་འཇུག་བྱ་ཡུལ་ཡག་ཤོས་ཡིན་པ་དང་འདིར་སྲོག་ཆགས་ལ་ཞིབ་འཇུག་བྱ་རྒྱུར་ཤིན་ཏུ་དགའ་བའི་ན་གཞོན་མང་དག་ཅིག་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།