[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱིས། མཛེས་པའི་མཚོ་སྔོན་བརྩེ་སེམས་མཚོན་པར་བྱེད།

    —— མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གྱི་མཛེས་པའི་འབྱུང་འགྱུར་ཧུར་ཐག་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཡིའུ་ལིང་།    |    སྤེལ་དུས།   2019-09-07

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། མཚོ་སྔོན་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1949ལོ་དང་བསྡུར་ན་ལྡབ་335འཕར་བ་དང་། ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ཡོང་འབབ་1951ལོ་དང་བསྡུར་ན་ལྡབ་6821འཕར་བ། ནགས་ཚལ་ཁྱབ་ཚད་1%ཡིན་པ་ནས་7.26%བར་ཟིན་པ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་4ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ཤིང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལིའུ་ཉིང་གིས“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱིས། མཛེས་པའི་མཚོ་སྔོན་བརྩེ་སེམས་མཚོན་པར་བྱེད”ཅེས་པའི་སྐོར་ངོ་སྤྲོད་བྱས་པ་རེད།

    “གོམ་སྟབས་གསུམ”ལས་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་པ།

    “གཙང་གསུམ་ཆུ་འགོ”དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག” རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན་པའི་མཚོ་སྔོན་གྱི“རིན་ཐང་ཆེ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་ནུས་པ་ཆེ་ཤོས་ཀྱང་སྣོད་བཅུད་ཡིན་པ་རེད།”

    ཝང་ཅན་ཅུན་གྱིས། མཚོ་སྔོན་གྱིས“སྣོད་བཅུད་སྲུང་སྐྱོང་སྔོན་དུ་བྱེད་པ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་གཏོང་། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཕེལ་བྱས་ཟིན་པ་དང་། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱ་ཡུལ་2ལ་སྐུལ་མ་མགྱོགས་པོ་གཏོང་བཞིན་ཡོད་ཅེས་བརྗོད།

    “ང་ཚོས‘གོམ་སྟབས་གསུམ’གྱི་དམིགས་ཚད་ལྟར་རྒྱལ་ཁབ་སྤྱི་གླིང་དེ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་ཁོང་གིས་བཤད།

    གོམ་སྟབས་དང་པོར། 2020ལོར་སླེབས་སྐབས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འགྲུབ་པར་བྱས་ནས་རྒྱལ་ཁབ་སྤྱི་གླིང་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་དོ་དམ་མ་ལག་གི་གཞི་རྩའི་སྒྲོམ་གཞི་འཛུགས་སྐྱོང་བྱས་ཏེ་རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་སྤྱི་གླིང་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་གི་མིག་དཔེ་ཁུལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་འཕེལ་གྱི་སྔོན་བསྟར་ཁུལ། ས་མཐོའི་རང་བྱུང་ཁམས་ཆེ་མོའི་སྲུང་སྐྱོང་འགྲེམས་སྟོན་ཁུལ། སྣོད་བཅུད་རིག་གནས་ཕུལ་བྱུང་གི་རྒྱུན་འཛིན་ཁུལ་བཅས་བསྐྲུན་རྒྱུ།

    གོམ་སྟབས་གཉིས་པར། 2022ལོར་སླེབས་སྐབས་སྲུང་སྐྱོང་དང་དོ་དམ་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རི་ཆུ་ནགས་ཞིང་མཚོ་རྩྭའི་སྣོད་བཅུད་མ་ལག་གི་འཁོར་རྒྱུག་བཟང་པོ་ཡོང་བ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་ཉིད་གཙོ་བོ་དང་། རང་བྱུང་སྲུང་སྐྱོང་ཉིད་རྨང་གཞི། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་སུ་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་དོ་དམ་མ་ལག་རགས་ཙམ་བསྐྲུན་རྒྱུ།

    གོམ་སྟབས་གསུམ་པར། 2025ལོར་སླེབས་སྐབས་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་སྔར་བས་འཐུས་ཚང་དང་། གཅིག་གྱུར་གྱི་རིམ་དབྱེའི་དོ་དམ་སྒྲིག་སྲོལ་སྔར་བས་འཐུས་ཚང་། སྲུང་སྐྱོང་དོ་དམ་གྱི་ནུས་ཕྱོད་སྔར་བས་མངོན་གསལ་དོད་པ་བཅས་བྱས་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་པའི་འཛམ་གླིང་གི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མིག་དཔེ་ཞིག་བསྐྲུན་རྒྱུ་བཅས་རེད།

    “ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་བཞི”ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ།

    ལོ་མང་པོའི་རིང་། མཚོ་སྔོན་གྱིས་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ནས་སྣོད་བཅུད་སྔོན་དུ་ལེགས་གཏོང་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་བཏང་ཡོད།

    “ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་བགྲོད་ལམ་དུ་ང་ཚོས་ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་འབྲོག་ལས་བཅས་ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་བཞི་བཏོད་ཡོད”ཅེས་ལིའུ་ཉིང་གིས་བརྗོད།

    ལྗང་མདོག་ཐོན་ལས་ཀྱི་ཐད་ནས་མཚོ་སྔོན་གྱིས་སྔོན་ཆད་ཟད་གྲོན་ཆེ་བའི་ཁེ་ལས་མཚོ་སྔོན་དུ་ཡོང་བའི་ཆ་རྐྱེན་བསྒྱུར་ནས་ཟད་གྲོན་ཆེ་བའི་ཁེ་ལས་དག་མཚོ་སྔོན་དུ་ཡོང་བར་ཚོད་འཛིན་གྱིས་འཁོར་རྒྱུག་དཔལ་འབྱོར་དང་གྲངས་གཞིའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་བས་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་རིན་ཐང་གི་60%ཡན་བཟུང་ཡོད་པ་རེད།

    ལྗང་མདོག་ནུས་རྒྱུའི་ཐད་ནས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་1200ལས་བརྒལ་ཏེ་མཚོ་སྔོན་ནས་ཧོ་ནན་བར་གྱི་འབྱུང་འཕྲོད་གློག་གི་བསྐྱར་སྐྱེ་རུང་བའི་ནུས་རྒྱུའི་མཐོ་གནོན་ཆེ་བའི་འཛམ་གླིང་གི་བགྲོད་ལམ་དང་པོ་སྐྲུན་བཞིན་ཡོད་པ་རེད།

    ལྗང་མདོག་འཛད་སྤྱོད་ཀྱི་ཐད་ནས་མཚོ་སྔོན་གྱིས་འབྱུང་འཕྲོད་གློག་དང་། འདྲེ་ཚེར་མ། ཞིང་ཞོར་ཐོན་ཟོག་བཅས་ཀྱི་གོང་འཕེལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐེངས་གཅིག་འཛད་སྤྱོད་དང་ཐེངས་གཉིས་འཛད་སྤྱོད་ཐད་ལྗང་མདོག་འཛད་སྤྱོད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    ལྗང་མདོག་གི་སྐྱེ་ལྡན་ཞིང་འབྲོག་ལས་ཀྱི་ཐད་ནས་མཚོ་སྔོན་གྱིས་རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་བས་རྫས་ལུད་སྤྱོད་ཚད་24.4%ཉུང་དུ་ཕྱིན་པ་དང་། ཞིང་སྨན་སྤྱོད་ཚད་སྔོན་དཔག་ལྟར་ན་ལོ་མཇུག་ཏུ་སླེབས་སྐབས་20%བར་ཉུང་དུ་འགྲོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།