[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་བཏང་སྟེ་ས་མཐོའི་དབུལ་སྒྲོལ་གྱི“གསེར་གྱི་ས་བོན”སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    2019ལོའི་ཟླ་11ཚེས་17ཉིན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཟི་ལིང་གྲོང་ཁྱེར་མཐོ་གསར་ལག་རྩལ་ཐོན་ལས་གླིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཧན་ཧོ་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས(གཤམ་དུ“ཧན་ཧོ་སྐྱེ་དངོས”ཞེས་བསྡུ་རྒྱུ)གཉེར་འགན་འཁུར་བའི“འཚོ་བཅུད་གསར་པ་དང་། འཛད་སྤྱོད་གསར་པ། སྟོབས་ནུས་གསར་པ——མཚོ་སྔོན་གྱི་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དབུ་ཚོགས་དང་ཧན་ཧོ་སྐྱེ་དངོས་ནས་ནག་རྩམ་པའི་ཚད་གཞི་ཡོངས་བསྒྲགས་ཚོགས་འདུ”མཚོ་སྔོན་ཞིང་ཆེན་ཚོགས་འདུའི་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད།

    སྲིད་གཞུང་གིས་སྐུལ་འདེད་དང་ཚན་རྩལ་གྱིས་འདེགས་སྐྱོར་བྱས་ཏེ་མཚོ་སྔོན་གྱི་ནས་ཀྱི་ཐོན་ལས་ཀྱི་ལེའུ་གསར་པ་བརྩམས་པ།

    མཚོ་བོད་ས་མཐོའི་ནས་ལ་ལོ་ངོ་3500ཙམ་གྱི་འདེབས་འཛུགས་ལོ་རྒྱུས་ལྡན་པ་དང་། བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་ཞིང་ཆེན་བཞིའི་ནས་འདེབས་ཁྱོན་མུའུ་ཁྲི་400ལྷག་ཟིན་པའི་ཁྲོད་མཚོ་སྔོན་གྱི་ནས་འདེབས་ཁྱོན་མུའུ་ཁྲི་100ཟིན་པ་དེས་བོད་རིགས་ས་ཁུལ་གྱི་ཞིང་ཆེན་བཞི་ཡི་50%ཡན་བཟུང་ཡོད། མིག་སྔར་ནས་ཚོང་ཟོག་ལ་འགྱུར་ཚད་80%ཡན་ཟིན་པ་དང་ལས་སྣོན་གཞན་སྒྱུར་ཐུབ་ཚད་70%ཟིན་ཏེ་རྒྱལ་ཡོངས་ཀྱི་ནས་ལས་སྣོན་གཞན་སྒྱུར་ཐུབ་ཚད་མཐོ་ཤོས་ཀྱི་ཞིང་ཆེན་ཡིན་པ་རེད།

    ཧན་ཧོ་སྐྱེ་དངོས་ཀྱིས་མཚོ་སྔོན་གྱི་ནས་ཀྱི་ལེགས་ཆ་ཆེན་པོར་བརྟེན་ཏེ་ནས་ཀྱི་ཐོན་རྫས་གསར་སྤེལ་བྱས་ནས་ལོ་12སོང་ཡོད། ད་རེས་ཀྱི་གླེང་སྟེགས་ཐོག་ཧན་ཧོ་སྐྱེ་དངོས་ཀྱིས་གོ་ལ་ཧྲིལ་པོར་ནས་ཀྱི་སྤུས་ལེགས་ནས་ནག་རྩམ་པའི་ཚད་གཞི་དང་མུ་སྦྲེལ་ཐོན་རྫས་ཐོག་མར་བཏོན་པར་ལས་རིགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། ཐོན་རྫས་དེས་འཛམ་གླིང་གི“ནས་ཀྱི་མྱུ་གུ་འབུས་པའི་ལག་རྩལ་གྱི་ཐོན་སྐྱེད་ལས་རིམ”ཐོག་མར་བརྟེན་པས་GABAའདུས་ཚད་67.8mg/100gཟིན་གྱི་ཡོད།

    མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་མཱ་ཧྥུང་ཧྲེང་གིས་ཤིས་ཚིག་སྒྲོན་སྐབས་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་ཁྱད་ཆོས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་ནས་ཀྱི་ཐོན་ལས་མ་ལག་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱ་ཆེད། 2018ལོར་མཚོ་སྔོན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་འབྲི་གཡག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》བཏོན་ཏེ་ནས་ཀྱི་པེ་ཐ་རྒུན་འབྲུམ་འདུས་འདྲེས་དང་། ནས་ཀྱི་Yཨན་ཅི་ཏིང་སྐྱུར། ནས་ནག་རྩམ་པ་སོགས་ཀྱི་རིམ་མཐོའི་ཐོན་རྫས་ལས་སྣོན་ཁེ་ལས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་དང་། ཐོན་ལས་འཁོར་འབྲེལ་རྒྱ་ཆེ་རུ་ཧུར་ཐག་བཏང་བ་དང་སྤུས་ཚད་མཐོ་རུ་བཏང་ནས་2020ལོར་སླེབས་སྐབས་ནས་ཀྱི་བཟོས་རྫས་ཐོན་སྐྱེད་བརྒྱུད་རིམ་5ཡན་འཛུགས་ཐུབ་པའི་བརྩོན་ལེན་བྱེད་པ་དང་། འབྲུ་རིགས་རྟེན་གཞི་མུའུ་ཁྲི་10སྐྲུན་པ། ནས་ཀྱི་གྲགས་ཅན་སྤུས་རྟགས་གཉིས་ནས་གསུམ་བར་གཏོད་པ། ཞིང་ནང་ཐོན་སྐྱེད་ནས་ཞིབ་ཚགས་ལས་སྣོན་བར་གྱི་ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཟོ་བ། ནས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་5%ཡན་གྱི་མི་འབོར་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཡོང་བར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    རིགས་གཅིག་མཁས་ཅན་འཛོམས་ཏེ་ཇུས་ཤུགས་མཉམ་འདོན་གྱིས་མཚོ་སྔོན་གྱི་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    མཚོ་སྔོན་ཞིང་ནགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཝུའུ་ཁུན་ལུན་ལོ་མང་རིང་ནས་འདེབས་གསོའི་ལས་ལ་གཞོལ་བ་དང་། ཁོང་གིས་མཚོ་སྔོན་གྱི་ནས་གཙོ་བོ་ས་བབ་སྨི་2600ཡན་གྱི་མཐོ་གྲང་ས་ཁུལ་དུ་འདེབས་པ་དང་ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེའི་མི་སྐྱོང་བ་ལྟར་དམིགས་བསལ་གྱི་ཁྱད་ཆོས་དེ་ལས་ནས་ཀྱི་ཕྱོགས་བསྡུས་འཚོ་བཅུད་ཀྱི་གྲུབ་ཆ་ནི་འབྲུ་རིགས་ཡོངས་ཀྱི་ཁྲོད་ནས་མང་ཤོས་ཡིན་པ་དང་ལྷག་དོན་དུ་ནས་ནག་གི་འཚོ་བཅུད་གྲུབ་ཆ་མང་ཤོས་རེད། སླད་ཕྱིན་མཚོ་སྔོན་གྱིས་ནས་ཀྱི་སྣ་ཁ་དང་འདེབས་འཛུགས་དང་སྐྱེད་སྲིང་ལག་རྩལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ནས་སྣ་མང་ཅན་གྱི་བེད་སྤྱོད་ཐད་དེ་བས་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་དགོས་ཞེས་བརྗོད།

    ཧན་ཧོ་སྐྱེ་དངོས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་རི་པིན་ཙུའོ་ཀྲུའུ་ཀུང་སིའི་དབུ་བཞུགས་འཆར་འགོད་པ་ལིའུ་ཧོའུ་ཆིང་ཆེད་མངགས་རི་པིན་ནས་དེར་ཡོང་སྟེ《གསར་སྐྱེས་ནས་ནག་གི་ནུས་པའི་རང་བཞིན》ཞེས་པའི་ཐོག་ནས་ཚང་མར་དེའི་སྐོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། ཁོང་གིས་gaba(རིག་གཞུང་གི་ཐ་སྙད་Y—ཨན་ཅི་ཏིང་སྐྱུར)ནི་གཙོ་འགྱུར་དབང་རྩའི་མ་ལག་གི་ཚོད་འཛིན་རང་བཞིན་གྱི་བརྒྱུད་སྤྲོད་དངོས་པོ་ཞིག་ཡིན་པ་དང་ཀླད་པའི་དབང་རྩའི་ཁྲོད་ཀྱི་དབང་རྩའི་བརྡ་རྫས་ཀྱི་གྲས་ཤིག་ཡིན་པས་གཉིད་སྐྱིད་པོ་ཁུག་པ་དང་། གཙོ་འགྱུར་དབང་རྩ་དོ་སྙོམས་ཡོང་བ། ཁྲག་འཁོར་རྒྱུག་ཡག་པོ་ཡོང་བ་བཅས་ཀྱི་ནུས་པ་ལྡན་ཡོད། འཚར་ལོངས་བྱུང་བའི་ས་བོན་དང་། ཤིང་ཏོག སྐྱུར་ཟས་སོགས་ཚང་མའི་ནང་དུ་GABAརྐྱེན་ཆ་ཉུང་ཙམ་ཡོད་ལ། ནས་ནག་ནང་དུ་མང་པོ་ཡོད་པ་རེད། ནས་མྱུག་འབུས་པའི་ལག་རྩལ་སྤྱད་དེ་ཐོན་སྐྱེད་བྱས་པའི་ནས་ནག་རྩམ་པའི་ནང་དུ། GABAའདུས་ཚད་67.8mg/100gཟིན་པ་དང་། སྤུས་ལེགས་ནས་ནག་རྩམ་པ་ནི་ཟས་དང་སྨན་ཁུངས་གཅིག་ཡིན་པའི་བསམ་བློ་མཛུབ་ཁྲིད་དུ་བྱས་པའི་ནུས་ལྡན་གྱི་བཟའ་བཅའ་ཞིག་ཡིན་པས། འབྱུང་འགྱུར་ཁྲོམ་ར་ཆེན་པོ་ལྡན་ངེས་རེད་ཅེས་བརྗོད།

    ཀྲུང་གོ་མི་དམངས་སློབ་ཆེན་སྤུས་རྟགས་ཞིང་ལས་དཔྱད་གཞི་ཚོགས་ཆུང་གི་ཙུའུ་ཀྲང་སྤུས་རྟགས་ཞིང་ལས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ལོའུ་ཤང་ཕུང་གིས“ས་ཁོངས་སྤུས་རྟགས་འཐབ་ཇུས་ལས་མཚོ་སྔོན་ནས་བདེ་ཐང་གི་ཞིང་ཁམས་ཆེ་མོ་གྲུབ་པ”ཞེས་པ་འགོ་བརྗོད་དུ་བྱས་ནས་དབྱེ་ཞིབ་གསལ་པོ་བྱས་ཤིང་། ཁོང་གིས། མ་འོངས་པར་མཚོ་སྔོན་གྱི་ནས་འདི་ཉིད་ས་ཁོངས་ཀྱི་རིན་ཐང་དང་དམངས་ཕྱུག་ཁུལ་ཕྱུག་གི་ཐོན་ལས་སུ་འགྱུར་བར་ཚད་བརྒལ་གསུམ་ཡོང་བར་བྱེད་དགོས་པ་སྟེ། གཅིག་ནས་ཐོན་རྫས་ཀྱི་ལེགས་ཆ་སྤུས་རྟགས་ཀྱི་ལེགས་ཆར་སྒྱུར་དགོས། ཧན་ཧོ་སྐྱེ་དངོས་ཀྱིས་བཏོན་པའི་སྤུས་ལེགས་ནས་ནག་རྩམ་པ་ནི་ལས་དོན་འདི་འགོ་ཚུགས་ས་ཡིན། གཉིས་ནས་ཐོན་ལས་ཀྱི་ལེགས་ཆ་ནས་ཁྲོམ་རའི་ལེགས་ཆར་སྒྱུར་དགོས། ཁྲོམ་རར་རྒྱལ་ཁ་བླངས་ཚེ་ཐོན་ལས་གཞི་ནས་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ། གསུམ་ནས་ཐོན་ཁུངས་ཀྱི་ལེགས་ཆ་ས་ཁོངས་རིན་ཐང་གི་ལེགས་ཆར་དངོས་འབྲེལ་སྒྱུར་དགོས།

    ཁྲོམ་རས་སྐུལ་འདེད་དང་ཐོན་ཡུལ་འགན་ལེན་གྱིས་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་བྱས་པ།

    ཧན་ཧོ་སྐྱེ་དངོས་ཀྱིས་སྤུས་ལེགས་ནས་ནག་རྩམ་པ་བཏོན་མ་ཐག་ལས་རིགས་ཀྱི་དོ་ཁུར་དང་དགའ་བསུ་ཐོབ་ཡོད། ཐེངས་འདིའི་གླེང་སྟེགས་ཐོག་མཚོ་སྔོན་ཡུལ་ཤུལ་མཁོ་འདོན་འཁོར་འབྲེལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཧན་ཧོ་སྐྱེ་དངོས་ཀྱིས་མུའུ་ཁྲི་10ཡི་ནས་ནག་མངགས་ཐོ་བཞག་པར་སྔོན་དཔག་བྱས་ན་ཐོན་འབབ་ཏུན་ཁྲི་1.5ཟིན་རྒྱུ་དང་། སིང་ཀ་ཕོར་མེན་པའོ་ཤིན་ཡུས་(bread Talkབཟའ་བཅའ་ཚོགས་པ)དང་ཧན་ཧོ་སྐྱེ་དངོས་ཀྱིས་ཐོན་རྫས་ཏུན་4000གི་མཉམ་ལས་གན་རྒྱ་བཞག་སྟེ། འབྱུང་འགྱུར་མཉམ་དུ་ཕྱིར་འཚོང་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ས་ཁུལ་ཁག་གི་ཚོང་དོན་ཚོགས་པ་དང་ཧན་ཧོ་སྐྱེ་དངོས་ཀྱིས་ས་གནས་ས་ཐོག་ཏུ་མཉམ་ལས་གན་རྒྱ་ཡང་བཞག་པ་རེད།

    མིག་སྔར་མཚོ་སྔོན་གྱི་ནས་ནག་ཐོན་འབབ་ཀྱིས་ནས་ཀྱི་སྤྱིའི་ཐོན་འབབ་ནང་བཅུ་ཆ་གཅིག་ལས་བཟུང་གི་མེད། ཁྲོམ་རའི་དགོས་མཁོ་འགན་ལེན་དང་ཆབས་ཅིག་རྒྱལ་ཁབ་ཀྱི“དབུལ་སྐྱོར་འགག་སྒྲོལ”གྱི་འབོད་སྐུལ་དང་ལེན་བྱ་ཆེད། ཧན་ཧོ་སྐྱེ་དངོས་ཀྱིས་གསེར་ཆེན་རྫོང་སྲིད་གཞུང་དང་གཙང་གསུམ་ཚོགས་པ་མང་རྫོང་རྩྭ་ལས་དང་མུའུ་ཁྲི་25ཟིན་པའི་སྐྱེས་ལྡན་ནས་ནག་དབུལ་སྐྱོར་གྱི་མངགས་ཐོ་རྣམ་པའི་འདེབས་འཛུགས་གན་རྒྱ་བཞག་པ་རེད། ཕྱིས་སུ་མཚོ་ནུབ་ཀྲོའུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་དུ་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཅས་ཟུང་འབྲེལ་གྱི་རྣམ་པ་གཞིར་བཟུང་། འཆར་འགོད་ལག་བསྟར་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ཐུབ་པ་དང་དོ་དམ་ཞིབ་ཚགས་མངོན་འགྱུར་ཐུབ་པ་མ་ཟད། ད་དུང་ནས་འདི་ཉིད་ཐོན་ལས་དབུལ་སྒྲོལ་གྱི་དམ་འཛིན་བྱ་གཞི་དང་ས་མཐོའི་དབུལ་སྒྲོལ་གྱི་སོན་བཟང་དུ་འགྱུར་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།