[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀན་སུའུ་ཐེ་བོ་རྫོང་གིས་ཏང་ཀུན་བཏབ་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚུའེ་ཧན་ཁྲའོ་དང་ཧུའུ་ཝེ་ཅེ།    |    སྤེལ་དུས།   2019-12-07

    ནམ་ཟླ་དགུན་ལ་བསླེབས་ཀྱང་རྟ་མགྲིན་གྱིས་སྟོད་གོས་ཀྱི་སྒྲོག་གུ་གྲོལ་ནས་ཞིང་ནང་དུ་ལས་ཀ་བྱེད་ཀྱི་འདུག

    རྟ་མགྲིན་ཚང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་གཙང་པ་ཤང་སྤེན་གཙང་གྲོང་ཚོར་ཡོད་ལ། དེ་གའི་ས་བབ་མཐོ་ཚད་སྨི་2800ཟིན་པ་དང་། མཐོ་ཞིང་གྲང་ལ་བཞའ་ཚན་ཆེ་བས་ཀྲུང་ལུགས་སྨན་རྒྱུ་ཏང་ཀུན་གྱི“དགའ་ཚལ”ལྟ་བུར་གྱུར་ཡོད་པ་རེད།

    སྔོན་ཆད་སྤེན་གཙང་གྲོང་ཚོའི་གྲོང་མི་ཚོས་རང་ཡུལ་དུ་སྨན་རྩྭ་རྩ་ཆེན་ཏང་ཀུན་མང་པོ་ཡོད་པ་མ་ཤེས་པར་ཁྱིམ་ཚང་མང་ཆེ་བས་ནས་དང་གྲོ་སོགས་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། ཡིན་ན་ཡང་ས་བབ་མཐོ་ཞིང་རྟག་པར་གནམ་འཐིབས་པའི་རྐྱེན་གྱིས་ཞིང་ལས་སྐྱེ་དངོས་ལ་ཐོན་འབབ་དམའ་པོ་ལས་མེད་པས། ཁྱིམ་ཚང་མང་པོ་ཞིག་གིས་ལོ་ཧྲིལ་པོར་ཧུར་ཐག་འབད་འཐབ་བྱས་ཀྱང་ལྟོས་གྲོད་པ་རྒྱགས་ཙམ་ལས་མེད་པ་རེད།

    རྟ་མགྲིན་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། ཁོང་གི་ཡོང་འབབ་གཙོ་བོ་ནི་ནས་མུའུ་ཁ་ཤས་བཏབ་པ་དེ་ཡིན། ཡིན་ན་ཡང་བུ་ཕྲུག་གསུམ་སློབ་གྲྭར་སྐྱེལ་དགོས་པས། འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

    2015ལོར། ཐེ་བོ་རྫོང་གིས་མཐོ་ཞིང་གྲང་ལ་བཞའ་ཚན་ཆེ་བའི་གནམ་གཤིས་ཀྱི་ཁྱད་ཆོས་བེད་སྤྱད་དེ་རྫོང་ཁོངས་སུ་ཏང་ཀུན་ཚོད་འདེབས་བྱ་རྒྱུའི་ཐག་བཅད་པ་རེད། “ཤང་གིས་གྲོང་ཚོ་ཁག་ལ་བརྟག་ཞིབ་བྱས་མཐར། ས་བབ་མཐོ་ཁུལ་དུ་སྐྱེས་པའི་ཏང་ཀུན་གྱི་དཔལ་འབྱོར་ཟུར་སྣོན་རིན་ཐང་ཆེ་བ་མ་ཟད། ད་དུང་སྐྱེས་འཚར་དུས་ཡུན་ཡང་ཐུང་བའི་ངོས་འཛིན་བྱས་པ་ཡིན”ཞེས་གཙང་པ་ཤང་ཏང་ཨུད་ཀྱི་སྒྲིག་འཛུགས་པ་ཀྲའོ་ལུའོ་དབྱིན་གྱིས་བརྗོད།

    དང་ཐོག གྲོང་མི་ཁ་ཤས“ས་མ་འབྲོག”ལ་གོམས་རྐྱེན་ཏང་ཀུན་བཏབ་ན་ཡོང་འབབ་མེད་པ་མ་ཟད་ད་དུང་དུས་ཚོད་ཀྱང་འཕྲོ་བརླག་འགྲོ་གི་རེད་བསམས་པས། ཤང་སྲིད་གཞུང་དང་གྲོང་ཚོའི་ཨུ་ལྷན་གྱིས་ཏང་ཡོན་ཚོར་སྣེ་ཁྲིད་དེ་ཚོད་འདེབས་བྱེད་དུ་བཅུག་པ་རེད། “ལོ་དེར། ང་ཚོའི་འདེབས་འཛུགས་ཡོང་འབབ་ཆེས་ཆེར་འཕར་བས་ཕྱི་ལོར་ཞིང་འབྲོག་པ་མང་པོ་ཞིག་གིས་ཀྱང་ཏང་ཀུན་བཏབ་སོང”ཞེས་ཀྲའོ་ལུའོ་དབྱིན་གྱིས་བརྗོད།

    དབུལ་སྒྲོལ་བྱ་ཆེད། རྟ་མགྲིན་གྱིས་ཀྱང་ཏང་ཀུན་མུའུ་ཁ་ཤས་བཏབ་པར་འབབ་འཕར་སྒོར་4000ལྷག་ཙམ་བྱུང་ནས་དབུལ་སྒྲོལ་ཐུབ་སྟེ་སླད་ཕྱིན་གྱི་འཚོ་བར་རེ་བས་ཁེངས་པ་རེད།

    ཏང་ཀུན་འདེབས་ཐེངས་དང་པོའི་ཉེན་ཁ་ཆུང་དུ་གཏོང་ཆེད། སྲིད་གཞུང་གིས་ཞིང་དུད་ཚོར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱས་པ་སྟེ། གྲོང་མིས་འདེབས་འཛུགས་ལག་རྩལ་མི་ཤེས་པར་དམིགས་ནས། རྫོང་དེས་ཞིང་ལས་ལག་རྩལ་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་འདེབས་འཛུགས་དུད་ཚང་ཚོར་འདེབས་འཛུགས་ལག་རྩལ་བསླབས་པ་དང་། མྱུག་སོན་གྱི་མ་གནས་མཐོ་བར་དམིགས་ནས། གཙང་པ་ཤང་གིས་གྲོང་ཚོ་རེ་རེར་མྱུག་སོན་སྐྱེད་སྲིང་ཁང་བསྐྲུན་ནས་གྲོང་མི་ཚོར་མྱུག་སོན་མཁོ་འདོན་བྱས་ཤིང་། སྤེན་གཙང་གྲོང་ཚོས་ད་དུང་ཏང་ཀུན་བརྔ་སྡུད་འཕྲུལ་འཁོར་ཞིག་ཀྱང་ཉོས་ནས་གྲོང་མིའི་ཁུར་པོ་ཡང་དུ་བཏང་བ་རེད།

    སྲིད་ཇུས་ཀྱི་རོགས་སྐྱོར་ཡོད་པས། རྟ་མགྲིན་གྱི་ཏང་ཀུན་འདེབས་རྒྱུའི་བསམ་ཚུལ་སྔར་བས་བརྟན་དུ་ཕྱིན་པ་དང་། “ཐོན་སྐྱེད་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་དངུལ་མང་པོ་གསོག་རྒྱུ་ཡིན”ཞེས་རྟ་མགྲིན་གྱིས་སེམས་ཐག་བཅད། 2018ལོར། རྟ་མགྲིན་གྱི་ལོའི་ཡོང་འབབ་སྒོར་ཁྲི་4ཡན་ཟིན། ཁོང་གིས་ཡོང་འབབ་དེ་དག་སྤྱད་ནས་ཐོན་སྐྱེད་བསྐྱར་མ་བྱས་པ་མ་ཟད། ད་དུང་གསོ་ཚགས་ཀྱང་བྱས་ཤིང་མིག་སྔར་མཛོ་16ཡོད་པ་རེད།

    སྤེན་གཙང་གྲོང་ཚོའི་ཀྲུའུ་རེན་སྐྱིད་ཡས་ཀྱིས། 2019ལོར་གྲོང་ཚོ་ཡོངས་སུ་ཏང་ཀུན་མུའུ་715བཏབ་ནས་དུད་ཚང་རེའི་ཆ་སྙོམས་འདེབས་ཁྱོན་མུའུ་5དང་འདེབས་ཁྱོན་ཆེ་ཤོས་མུའུ་20ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།