[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

ཚང་མས་ཁོང་ལ་ཀུ་ཤུ་བྱམས་པ་ཟེར་གྱིས། གང་ཡིན་ཟེར་ན……

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པོ།

སྤེལ་དུས།

|

2020-01-21

རང་སྐྱོང་ལྗོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་ནས་བཟུང་། ལས་གཏོད་པ་ཚོར་སྐུལ་མ་ཆེན་པོ་ཐེབས་ཏེ་གངས་ལྗོངས་ས་མཐོའི་ཡུལ་གྲུ་གང་སར་ལས་གཏོད་ཀྱི་དྲག་རླུང་ཞིག་ལྡང་། ལས་གཏོད་འཇོན་ཐང་ཅན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་ཐོན་དང་འཐོན་མུས་ཡིན་པའི་སྐབས་འདིར་ང་ཚོ་བཅར་འདྲི་ཚོགས་ཆུང་གི་གསར་འགོད་པ་གནས་མཆོག་ལྷ་སར་ཆའོ་པུ་སེ་དང་འདྲ་བའི་ཀུ་ཤུའི་ཁ་པར་དང་གྲངས་འཛིན་ལས་རིགས་ལ་མཁས་པའི་ལས་གཏོད་པ་ཞིག་ཡོད་པར་བཅར་འདྲི་བྱས་པ་ཡིན། ཁོང་གི་མིང་ལ་བྱམས་པ་ཟེར་ཞིང། རྒྱུན་དུ་མི་རྣམས་ཀྱིས་ཁོང་ལ་ཀུ་ཤུ་བྱམས་པ་ཞེས་འབོད་ཀྱི་ཡོད། ཁོང་1984ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཕྱག་སྟོང་རྫོང་དུང་སྒང་གྲོང་ཚོར་ལྟེ་ཕྲག་འཕོས། ཆུང་དུས་ནས་ཕ་མ་སྤུན་མཆེད་ཀྱི་རེ་བ་ཆུད་ཟོས་སུ་མ་བཏང་བར་སློབ་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་མོད། འོན་ཀྱང་ལས་དབང་གིས་ཁོང་ལ་ཀུ་རེ་རྩེད་པ་ལྟར་སློབ་གྲྭ་འགྲིམ་པའི་སྐབས་སུ་དོན་རྐྱེན་ཞིག་ཐོན་ཏེ་བྱམས་པའི་སྒལ་ཚིགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟབས་སློབ་མཚམས་མི་འཇོག་དཀའ་མེད་བྱུང་བ་མ་ཟད། ཚེ་གང་རྐུབ་སྟེགས་འཁོར་ལོའི་སྟེང་ལུས་ལ་ཁད་དུ་གྱུར། ཡིན་ནའང་ལས་དབང་གི་མདུན་དུ་མགོ་མི་སྒུར་བ་དང་དཔའ་མི་ཞུམ་པའི་བྱམས་པས་བཟོད་ཐབས་བྲལ་བའི་ན་ཟུག་སྒོམ་སྟེ་ཨ་ན་ཨུ་ཚུགས་ཀྱིས་འཁར་བར་བརྟེན་ནས་སྦྱོང་བརྡར་ཡུན་རིང་བྱས་མཐར་རིམ་བཞིན་དྲག་སྐྱེད་བྱུང་།


QQ截图20191223114121.jpg

དཀའ་ངལ་དེ་ལས་རྣམ་པར་རྒྱལ་རྗེས་ཁོང་གིས་བྱ་གཞག་གསར་གཏོད་བྱེད་འགོ་ཚུགས། གློག་རྡུལ་ཡོ་ཆས་ཀྱི་ལས་ལ་འབད་རྒྱུར་དགའ་ཞེན་ཆེ་བས་ལོ་གསུམ་གླ་པ་རྒྱུག་ཅིང་ཁྲོམ་བཀྱག་སྟོན་ནས་ཚོང་ཙག་ཙིག་བརྒྱབ། ཆར་རྗེས་སུ་རྣམ་བཀྲའི་འཇའ་གུར་ཕུབ་པ་ལྟར། 2010ལོར་ཁོང་གིས་རང་སོ་སོར་དབང་བའི་ཀུ་ཤུ་བྱམས་པའི་གྲངས་འཛིན་འཚོ་བའི་ཉམས་ལེན་ཁང་བཙུགས་པ་དང་། ཁོང་གི་ཀུང་སི་རྒྱ་ཆེན་པོ་དེ་ཙམ་མེད་ཀྱང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁ་པར་ཤུབས་དང་། སྤོས་གཤོང་། སྨྱུག་དོང་སོགས་མིག་ལ་མཛེས་ཤིང་ཉམས་དོད་པའི་ཐོན་རྫས་མང་དག་ཅིག་གསར་གཏོད་བྱས། ལས་གཏོད་བྱས་པ་ནས་ད་བར་ལོ་10ཙམ་སོང་རིང་། ཚོང་ཤག་དང་འཛད་སྤྱོད་པ་ཚོས་ཀུ་ཤུ་བྱམས་པའི་གཞུང་དྲང་དང་ཁ་དན་ཚིག་གནས་ཀྱི་ཚོང་གཉེར་བྱེད་སྟངས་ལ་ཡི་རང་བྱས་ཏེ་གྲངས་འཛིན་ཐོན་རྫས་ཚོང་ཁང་གཅིག་ལ་གཅིག་འགྲན་ངང་ཐོན་པའི་དུས་འདིར་སྔར་བཞིན་ཀུ་ཤུ་བྱམས་པར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད་བྱུང་།


QQ截图20191223114134.jpg

སྲིད་ཇུས་བཟང་པོའི་འོད་ཟེར་ལས། ས་གཞི་ཡོངས་ལ་དཔྱིད་དཔལ་བཞད།

དེ་སྔོན་ཚང་མས་གཞུང་ལས་པའི་ལས་ཀ་ཁོ་ནར་གཙིགས་ཆེན་བྱས་པ་ལས། རང་ཉིད་ཀྱིས་གནམ་ས་ཞིག་གཏོད་ཐུབ་པའི་བསམ་བློ་ནི་རི་བོང་གི་རྭ་དང་མཚུངས། དགའ་འོས་པ་ཞིག་ལ་དེང་སྐབས་རྒྱལ་ཁབ་ཀྱི་ལས་གཏོད་སྲིད་ཇུས་བཟང་པོའི་འོད་ཟེར་གངས་ལྗོངས་ཀྱི་ས་གཞི་ཡོངས་ལ་འཕྲོས་ནས་དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་བསྐལ་པ་བཟང་པོ་ལྡན་སྟབས། ཀུ་ཤུ་བྱམས་པ་ཁོང་གིས་ཀྱང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱེད་མུས་རེད་ལ། ཁོང་གིས་བྱ་གཞག་གསར་གཏོད་ཀྱི་ལམ་བུར་སྔར་བས་གོམས་སྟབས་བརྟན་པོས་བསྐྱོད་རྒྱུའི་སེམས་ཤུགས་ཇེ་ཆེར་འཕེལ་ཡོད།


QQ截图20191223114145.jpg

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད།

ཁོང་གིས་དང་ཐོག་བྱ་གཞག་གསར་གཏོད་ཞེས་པ་ནི་རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་ཆེད་ཡིན་ནའང་། རིམ་པས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུ་ཆ་དག་ཁ་པར་གྱིས་གཙོས་པའི་གྲངས་འཛིན་ཅ་དངོས་དང་དེ་དག་གི་ཞོར་སྦྲགས་སྒྲིག་ཆས་སོགས་བསམ་བཀོད་རིག་གནས་ཐོན་རྫས་བོད་ཙམ་མ་ཟད། ལྷག་པར་དུ་ནང་སར་བཙོངས་ཏེ་རང་རེའི་བོད་ཀྱི་རིག་གནས་ཁྱབ་གདལ་གཏོང་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད་ཅེས་བརྗོད་བྱུང་། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་པར་ངེས་པར་དུ་དཀའ་སྤྱད་སྡུག་རུས་ཡོད་དགོས། དཀའ་ལས་མ་བརྒྱབ་པར་དངོས་གྲུབ་མི་ཐོབ་པའི་དཔེ་ལྟར་གསར་གཏོད་ཀྱི་ལམ་བུར་སྡུག་རུས་དགོས་ལ་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པའི་སྙིང་སྟོབས་ཀྱང་ལྡན་དགོས། ཀུ་ཤུ་བྱམས་པ་ཁོང་གིས་ཀྱང་རང་དཔེ་གཞན་སྟོན་གྱིས་ཀུང་སིར་བསྡུས་པའི་སློབ་ཆེན་སློབ་མ་མང་པོ་ཞིག་ལ་ལག་རྩལ་དང་ཉམས་མྱོང་བསླབས་ཏེ་འབྱུང་འགྱུར་སྤྱི་ཚོགས་དང་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ་པའི་མི་ཡག་པོ་ཞིག་ཆགས་རྒྱུའི་རེ་བ་འཆང་བཞིན་ཡོད།


QQ截图20191223114157.jpg

ཐོག་མའི་བསམ་འདུན་མ་བརྗེད་པར། འབྱུང་འགྱུར་ཕྱོགས་སུ་ཞུམ་མེད་སྐྱོད།

བཅར་འདྲི་མཇུག་འགྲིལ་ལ་ཉེ་བའི་སྐབས། ཁོང་གིས་ཕྱིས་སུ་ངས་མུ་མཐུད་ཧུར་ཐག་འབད་ཐག་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་རང་ཉིད་ཀྱི་འདུན་པ་བློ་ལ་བརྟན་པོར་བཅངས་ཏེ་སློབ་མ་དེ་བས་མང་བ་ལས་ཀར་བསྡུས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དང་ཀུ་ཤུ་ཁ་པར་གྱི་ཐོན་རྫས་མང་པོ་ཁྲོམ་རར་འདོན་རྩིས་ཡོད། དེ་ནི་ཁེ་བཟང་ཁོ་ན་དོན་གཉེར་བྱེད་པའི་ཆེད་དུ་མིན་པར་རང་རེའི་ཐུན་མོང་མ་ཡིན་པའི་རིག་གནས་དེ་བོད་ཀྱི་ཁྲོམ་ར་ལས་སྒྲོལ་ཐུབ་པ་མ་ཟད། ཐ་ན་ནང་ས་དང་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུའི་ཕུགས་འདུན་འཆང་བཞིན་ཡོད་ཅེས་བརྗོད་བྱུང་།

བརྒྱ་བཤད་གཏམ་གྱི་སྙིང་པོ་དོན་དང་། སྟོང་དཀྲོགས་འོ་མའི་སྙིང་པོ་མར་ཞེས་པའི་དཔེ་ལྟར། སྨྱུག་འཛིན་པས་ཡི་གེ་མང་དག་ཅིག་བྲིས་ཀྱང་གཙོ་བོ་ནི་ཁོང་ལྟ་བུའི་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ནས་ཡངས་པའི་ཕུགས་བསམ་གྱི་ཞིང་ས་ཆེ་མོར་གསར་གཏོད་ཀྱི་ལས་ལ་གཞོལ་བའི་སྐྱེ་བོ་དག་ལ་ཡི་རང་ཞུ་རྒྱུ་རང་ལས་མ་འདས། 

གསར་འགོད་པ། བསོད་ནམས་དཔའ་མོ། ཚེ་བརྟན་སྒྲོལ་དཀར། དམ་ཆོས་མི་ཕམ། པད་མ་ཆོས་སྒྲོན། 


འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།