[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་མི་རིགས་དང་རང་ས་ཁུལ་གྱི་བྱ་བར་རང་བདག་དོ་དམ་བྱེད་དབང་གང་ལེགས་ལྡན་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-08

    ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རང་ཁྱིམ་རང་བདག་བྱུང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་དངོས་འབྲེལ་འགྱུར་བ་དང་ལམ་ལུགས་རང་བཞིན་གྱི་འགན་ལེན་མཁོ་འདོན་བྱས་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་མི་རིགས་དང་རང་ས་ཁུལ་གྱི་བྱ་བར་རང་བདག་དོ་དམ་བྱེད་དབང་གང་ལེགས་ལྡན་ཡོད་ཅེས་བསྟན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འདེམས་བྱེད་དབང་ཆ་དང་གདམ་བྱའི་དབང་ཆ་གང་ལེགས་ལྡན་ཡོད། བོད་རང་སྐྱོང་ལྗོངས་སུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34264ཡོད། དེའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་66.7%བཟུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་70.2%བཟུང་གི་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ད་བར་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་འགན་བཞེས་མཁན་ཚང་མ་བོད་རིགས་སྤྱི་དམངས་རེད་ཅེས་བསྟན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དེ་ཉིད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དབང་འཛིན་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས་བོད་མི་དམངས་ཀྱི་ཚབ་བྱས་ནས་ཁྲིམས་ལྟར་རང་མི་རིགས་དང་རང་ས་ཁུལ་གྱི་བྱ་བར་རང་བདག་དོ་དམ་བྱེད་པའི་དབང་ཆ་སྤྱད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྙན་ཞུ་བཅས་ཉན་པ་དང་གྲོས་ཞིབ་བྱས་ཐོག་གོང་གསལ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེ་རིགས་བཟོས་ནས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་གལ་ཆེའི་བྱ་བར་གྲོས་ཆོད་དང་གཏན་འབེབས་བྱེད་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་ནོར་སྲིད་ཀྱི་སྔོན་རྩིས་དང་མཇུག་རྩིས་ལ་ཞིབ་དཔྱད་དང་ཆོག་མཆན་སྤྲོད་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་སོགས་འདེམས་བསྐོ་བྱས་ནས་ཐོན་ཀྱི་ཡོད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་གཞིར་བཟུང་། 2015ལོའི་ཟླ་བདུན་པའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁྱོན་ཁག་300གཏན་འབེབས་དང་ཆོག་མཆན་སྤྲད་ཡོད། དེའི་ནང་ད་ལྟ་ལག་ལེན་བསྟར་བཞིན་ཡོད་ལ་གོ་ཆོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་123ཡོད་པ་དང་། ཁྲིམས་སྲོལ་རང་བཞིན་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་148ཡོད་པ། གྲོས་ཆོད་དང་གཏན་འབེབས་ཁག་29མཚམས་འཇོག་བྱས་པ་དེ་དག་སྲིད་དབང་འཛུགས་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་། རིག་གནས་སློབ་གསོ། སྐད་དང་ཡི་གེ། རིག་དངོས་སྲུང་སྐྱོབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ནང་དོན་ཕྱོགས་མང་པོ་དང་འབྲེལ་བ་ཡོད།

    སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དང་། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་སྙན་སྒྲོན》《ནོར་སྲིད་སྔོན་རྩིས་སྙན་སྒྲོན》རང་སྐྱོང་ལྗོངས་ཀྱི“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་མོལ་གྲོས་བསྡུར་བྱེད་པ་དང་སྔ་རྗེས་སུ་ཨུ་ཡོན་སྒྲིག་འཛུགས་བྱས་ནས་བོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ(འཆར་ཟིན)ལ་གྲོས་མོལ་གྲོས་བསྡུར་བྱེད་པའི་ནང་ཞུགས་སུ་བཅུག་ནས་ཨུ་ཡོན་ཚང་འཛོམས་ཚོགས་འདུ་དང་། རྒྱུན་ལས་ཨུ་ཡོན་ཚོགས་འདུ། ཀྲུའུ་ཞིའི་ཚོགས་འདུ། དམངས་གཙོའི་གྲོས་མོལ་ཚོགས་འདུ། ཆེད་དོན་བཞུགས་མོལ་ཚོགས་འདུ། ཨུ་ཡོན་གྱིས་གཟིགས་ཞིབ་དང་བརྟག་ཞིབ། གྲོས་གཞི་འདོན་པ་དང“དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས”གཉེར་བ་སོགས་ཀྱི་རྣམ་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བརྒྱད་པ”དང་། “ལོ་ལྔ་ཚན་དགུ་པ”“ལོ་ལྔ་ཚན་བཅུ་པ”“ལོ་ལྔ་ཚན་བཅུ་གཅིག་པ”“ལོ་ལྔ་ཚན་བཅུ་གཉིས་པ”བཅས་ཀྱི་འཆར་གཞི་དང་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ནས་བོད་ཀྱི་ལས་རིགས་ཁག་གི་ཚབ་ཞུས་ཏེ་སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་ཧུར་ཐག་སྒྲུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།