[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་གནད་བསྡུས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-29

    དཀར་ཆག

    གཅིག མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།

    གཉིས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན།

    གསུམ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ།

    བཞི། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ།

    ལྔ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ།

    དྲུག བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    བདུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    བརྒྱད། ཆོས་དད་རང་མོས་འགན་ལེན་བྱུང་བ།

    དགུ མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    བཅུ། བོད་ཀྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།

    གཅིག མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་དབང་ཆ་མཐའ་དག་བདག་གིར་བཟུང་བ།

    བོད་རྙིང་པའི་ཞལ་ལྕེའི་ནང་མི་ལ་རབ་འབྲིང་མཐའ་གསུམ་དང་རིམ་པ་དགུར་ཕྱེ་བ་དང་། ཞལ་ལྕེའི་ནང་འདྲ་མཉམ་མིན་པའི་གནས་བབ་གཏན་འབེབས་བྱས་པ། ཞིང་བྲན་གྱི་མི་ལུས་དབང་ཆ་མངའ་བདག་གྲལ་རིམ་གྱིས་བདག་གིར་བཟུང་ཡོད། ས་གནས་སྲིད་གཞུང་གི་དབང་ཆ་ཚང་མ་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ(མངའ་བདག་ཆེན་པོ་གསུམ)བཅས་ཀྱིས་དབང་ཆ་ཚང་མ་བཟུང་ཡོད། 

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གསོད་བཅོམ་འཕྲོག་ལེན་གྱི་དབང་ཆ་ཚང་མ་བཟུང་བ།

    མངའ་བདག་ཆེན་པོ་གསུམ་གྱིས་ཀླ་ཀློ་དང་གདུག་རྩུབ་ཆེ་བའི་ཁྲིམས་ལ་བརྟེན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱེད་ཅིང་། ཁོ་པ་ཚོས་རང་ཉིད་ཀྱི་དབང་ཤུགས་ནང་ཁྲིམས་འཛིན་ལས་ཁུངས་དང་ཁྲིམས་ར་འཛུགས་ཆོག་གི་ཡོད། 

    —— མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་དང་འབྲོག་ར་གཙོ་བོར་བྱས་པའི་ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད་ཐོག་བཟུང་བ།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་དུ་ས་ཞིང་སོན་ཁལ་ཁྲི་330(བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཚད་འཇལ་གྱི་རྩིས་གཞི་སྟེ། ཁལ་1ལ་ཧ་ལམ་མུའུ་1ཙམ་དང་མཚུངས་པ)ཙམ་ཡོད་པའི་ནང་ནས་སྡེ་པ་གཞུང་གིས་སོན་ཁལ་ཁྲི་128.37བཟུང་ཡོད་པ་དང་། དགོན་སྡེ་དང་མཐོ་རིམ་སེར་མོ་བས་སོན་ཁལ་ཁྲི་121.44བཟུང་ཡོད། སྐུ་དྲག་གིས་སོན་ཁལ་ཁྲི་79.2བཟུང་བ་བཅས་ཀྱིས་བསྡུར་ཚད་99.7%ཟིན་གྱི་ཡོད། 

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་མི་ལུས་ཚོད་འཛིན་དང་བྲན་དུ་བཀོལ་ཚུལ་གདུག་རྩུབ་ཤིན་ཏུ་ཆེ་བ།

    མངའ་བདག་གིས་ཞིང་བྲན་རྣམས་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རྒྱན་འགྱེད་དང་། ཉོ་ཚོང་། བརྒྱུད་བཤུག འབུལ་སྤྲོད། བུན་ཚབ། བརྗེ་རེས་བཅས་རང་དགར་བྱེད་ཀྱི་ཡོད། གལ་ཏེ་ཞིང་བྲན་བྲོས་བྱོལ་དུ་སོང་ཚེ་རྐང་པ་གཅོད་པ་དང་ལྕག་ཚན་གཞུ་བ་སོགས་ཀྱི་ཆད་པ་གཅོད་ཀྱི་ཡོད། 

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་གདུག་རྩུབ་ཆེ་བའི་ཁྲལ་ངན་སྣ་ཚོགས་ལ་བརྟེན་ནས་བཤུ་གཞོག་བཏང་བ།

    བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་གིར་བཟུང་ཞིང་། རྒྱ་ཆེའི་ཞིང་བྲན་ཚོར་ཡ་ང་སྙིང་རྗེ་གཏན་ནས་མེད་པར་གཉའ་གནོན་དང་བཤུ་གཞོག་གཏོང་གི་ཡོད། བཀའ་ཤག་ས་གནས་སྲིད་གཞུང་གིས་བསྡུས་པའི་ཁྲལ་རིགས་ཁོ་ནར་སྣ་ཁ་200ལྷག་ཙམ་ཡོད། འཚོ་ཐབས་བྱ་ཆེད་ཞིང་བྲན་རྣམས་ཀྱིས་བུ་ལོན་ཡང་ནས་ཡང་དུ་མ་གཡར་ཀ་མེད་བྱུང་ཞིང་། བུ་ལོན་ཟུག་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི་90%ཡན་བཟུང་ཡོད། 

    —— མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ལ་བསམ་བློའི་ཐོག་ནས་ཚོད་འཛིན་ནན་པོ་བྱས་པ།

    མངའ་བདག་ཆེན་པོ་གསུམ་གྱིས“བདེ་བ་ཅན་གྱི་ཞིང་ཁམས”དང“ཚེ་ཕྱི་མའི་བདེ་སྐྱིད”ཅེས་པ་འུད་སྒྲོག་བྱས་ཏེ་ཞིང་བྲན་གྱི་བསམ་བློར་ཚོད་འཛིན་གྱིས་ཁོང་ཚོར་བྲན་དུ་བཀོལ་བའི་ལས་དབང་དང་ལེན་བྱེད་འཇུག་གི་ཡོད། 

    གཉིས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བོད་ཀྱི་ཐོན་སྐྱེད་དུས་ཡུན་རིང་པོ་འཕེལ་མེད་རང་སོར་གནས་པ།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་དེ་ངལ་རྩོལ་པ་དང་རྣོ་ངར་ཆེ་བའི་འགལ་ཟླ་དང་ཁ་གཏད་དུ་གྱུར་པ།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་དེང་རབས་ཀྱི་ཚན་རྩལ་རིག་གནས་བརྒྱུད་སྤེལ་དང་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་པ།

    མངའ་བདག་ཆེན་པོ་གསུམ་གྱིས་རྟག་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བརྒྱུད་རྒྱུ་ནོར་ཧམ་ལེན་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ཀྱིས་བོད་ཀྱི་གཞིས་ཀ་27དང་འབྲོག་ར་30བཟུང་བ་དང་། ཞིང(འབྲོག)བྲན་6000ལྷག་དབང་བ། ལོ་ལྟར་ཞིང་བྲན་ས་ནས་ནས་ཁལ་33000ལྷག་ཙམ(ཁལ་1ལ་སྤྱི་རྒྱ14ཙམ་ཡོད་པ)དང་། མར་ཁལ་2500ལྷག་ཙམ། དངུལ་སྲང་ཁྲི་200ལྷག་ཙམ། ནོར་ལུག་མགོ་གྲངས་300 སྣམ་བུ་བུབས་175བཅས་གདུག་རྩུབ་ཆེན་པོས་བཤུ་གཞོག་གཏོང་གི་ཡོད།

    གསུམ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ།

    མི་འབོར་ཁྲི་80ཡོད་པའི་ཞིང་ཁུལ་དུ་མང་ཚོགས་སྐུལ་སློང་གང་ལེགས་བྱས་ཏེ་གོམ་སྟབས་དང་པོར“ངོ་རྒོལ་གསུམ་དང་ཆག་ཡང་གཉིས”ཏེ། ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུལ་ལམ་ལུགས་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་དང་བོགས་མ་དང་སྐྱེད་ཁ་ཆག་ཡང་བཅས་ལག་བསྟར་བྱས་ཡོད། གོམ་སྟབས་གཉིས་པར་ས་ཞིང་བགོ་བཤའ་བརྒྱབ་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ཤིང་། མི་རབས་ནས་མི་རབས་བར་བཤུ་གཞོག་དང་བྲན་དུ་བཀོལ་བའི་ཞིང་བྲན་ལ་རང་དབང་དང་བཅིངས་འགྲོལ་ཐོབ་ནས་ས་ཞིང་མུའུ་ཁྲི་280ལྷག་ཙམ་དང་ཐོན་སྐྱེད་རྒྱུ་ཆ་གཞན་དག་རག་ཡོད། ས་ཞིང་གི་གན་རྒྱ་དང་བུན་གན་སོགས་འུར་འུར་དུ་འབར་བའི་མེ་ལྕེའི་ཁྲོད་དུ་སྲེག་སྐབས་ཡར་ལངས་ཞིང་བྲན་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་འོད་ཟེར་སྟོང་ལྡན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད། 

    མི་འབོར་ཁྲི་28ཡོད་པའི་འབྲོག་ཁུལ་དུ་འབྲོག་བདག་གི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོས་ནས། གཙོ་བོ“ངོ་རྒོལ་གསུམ་དང་ཁེ་ཕན་གཉིས”ལག་ལེན་བསྟར་བ།

    དགོན་སྡེར་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་བརྟན་བརླིང་གི་བྱེད་ཐབས་སྤྱད་པ་དང་། “ངོ་རྒོལ་གསུམ་དང་གཙང་རྩིས་གསུམ”ལག་ལེན་བསྟར་བ། 

    གྲོང་ཁྱེར་དང་གྲོང་རྡལ་དུ“ངོ་རྒོལ་བཞི་དང་ཆག་ཡང་གཉིས”ལག་ལེན་བསྟར་བ།

    བཞི། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ།

    —— ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་བྱུང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་རྩ་མེད་བཏང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཞིང་བྲན་གྱི་འཚོ་གནས་དང་། བག་མ་གཏོང་ལེན། འགྲོ་སྐྱོད། གནས་སྡོད། ངལ་རྩོལ། མི་ལུས་རང་དབང་། མིའི་ཐོབ་ཐང་དང་ལ་རྒྱ། སློབ་གསོ་མྱོང་བ་སོགས་ཀྱི་དབང་ཆར་བཙན་གནོད་གཏོང་བའི་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་ཚང་མ་མེད་པ་བཟོས་པ།

    —— མི་དམངས་ཀྱི་སྲིད་དབང་བཙུགས་ནས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པ།

    1960ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་དུ་ཤང་རིམ་པའི་སྲིད་དབང་1009དང་། ཆུས་རིམ་པའི་སྲིད་དབང་283 རྫོང་རིམ་པའི་སྲིད་དབང་78 ཀྲོན་ཆུས(གྲོང་ཁྱེར)རིམ་པའི་སྲིད་དབང་8བཅས་བཙུགས་ཡོད།

    1965ལོའི་ཟླ་བདུན་པར་སླེབས་སྐབས་ཡོངས་ཁྱབ་འདེམས་བསྐོའི་ལས་དོན་སྤྱིར་ན་ལེགས་སྒྲུབ་ཟིན་ནས་བདམས་ཐོན་བྱུང་བའི་མི་དམངས་ཀྱི་འཐུས་མི་2600ལྷག་ཙམ་ཟིན་པའི་ནང་ཞིང་བྲན་དབུལ་པོ་མི་གྲངས་2200ཡོད།

    མིག་སྔར་བོད་རང་སྐྱོང་ལྗོངས་སུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་35963ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་92.18%བཟུང་ཡོད། 

    —— མི་རིགས་ཁག་གི་མི་དམངས་ཀྱི་སྲིད་ཞུགས་སྲིད་གླེང་གི་དབང་ཆ་འགན་ལེན་གང་ལེགས་ཐུབ་པ།

    སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གིས་བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་དམིགས་ནས་གྲོས་གཞི་ཁག་2401བཏོན་པ་དང་འབྲེལ་གྲོད་གཞི་ཁག་2347ཐོ་འགོད་བྱས་ཡོད། བོད་ཀྱི་རིམ་ཁག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འཚོག་རིང་། རིམ་གྲས་ཁག་རྒྱ་ཁྱབ་ཞུགས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དཔེར་ན། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་518ཁྲོད་ཆོས་ལུགས་རིགས་ཁོངས(ནང་བསྟན་མཐུན་ཚོགས)ཀྱི་ཨུ་ཡོན་80ཡོད་པ་ཨང་དང་པོར་སླེབས་པ་དང་། མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་64ཡོད་པ་ཨང་གཉིས་པར་སླེབས་ཡོད་པ་ལྟ་བུ་རེད།

    ལྔ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ།

    —— ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1960ལོར་1959ལོ་ལས་45.8%འཕར་བ་དང་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་42.9%འཕར་བ།

    1965ལོར་བོད་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་29ཟིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་1958ལོ་ལས་66.1%འཕར་བ།

    1965ལོར་སླེབས་སྐབས་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་14721ཟིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལྡབ་2.6ཡིན་པ།

    —— དཔལ་འབྱོར་གྱི་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

    འབྲུ་རིགས་ཐོན་ཚད་1959ལོའི་ཏུན་ཁྲི་18.29ནས་2018ལོའི་ཏུན་ཁྲི་104.9བར་འཕར་ཡོད།

    བཟོ་ལས་ཀྱི་རིན་ཐང་འཕར་མ་1959ལོའི་སྒོར་དུང་ཕྱུར་0.15ནས་2018ལོའི་སྒོར་དུང་ཕྱུར་114.51བར་འཕར་ཡོད།

    2018ལོར། བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.63ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། 1959ལོའི་སྒོར་དུང་ཕྱུར་1.74ལས་ལྡབ་191ཙམ་འཕར་ཡོད། 

    2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3368.73ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་490.14བྱུང་བ།

    —— རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ།

    2018ལོའི་ལོ་མཇུག་བར། བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.78ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་660ཟིན་པ།

    1956ལོར། བོད་ལ་སྟབས་བདེའི་གནམ་ཐང་དང་པོ་དེ་བསྐྲུན་པ་དང་། ད་ཆ་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་5བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་92བཏོད་ཡོད་པས་ལྷ་ས་གོང་དཀར་གནམ་ཐང་མཁའ་ལམ་ཨ་མར་བྱས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་གནམ་ཐང་བཅས་ཉིང་ལག་མཁའ་ལམ་དུ་བྱས་པའི་མཁའ་འགྲུལ་དྲ་རྒྱ་ཞིག་རགས་ཙམ་ཆགས་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ལ་ཆན་ཝ་125ཟིན་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་གཅིག་རང་ལས་མེད་པ་དེས་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་གློག་གཏོང་གི་མེད་ལ། གློག་ཀྱང་བརྟན་པོ་མེད། 

    2018ལོའི་ལོ་མཇུག་བར། ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོ་རྫོང(ཆུས)62བར་སྣུར་སྲིང་ཐུབ་ནས་མི་འབོར་ཁྲི་272ལ་གློག་གཏོང་ཐུབ་ཡོད།

    དྲུག བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ——མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    ལོ་60ཡི་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རྒྱ་ཆེའི་ཞིང་བྲན་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོས་ཀྱི་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2018ལོར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་ཡོད།

    1959ལོར་བོད་ཀྱི་མི་འབོར་ཁྲི་122.8ཡིན་པ་ནས་2018ལོར་མི་ཁྲི་343.82བར་འཕར་ཡོད།

    བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1959ལོའི་གོང་གི་ལོ་35.5ནས་མིག་སྔའི་ལོ་68.2བར་རིང་དུ་ཕྱིན་ཡོད། 

    ——རིག་གནས་བྱ་གཞག་ཐད་དར་རྒྱས་ཀྱི་རྣམ་པ་མངོན་པ།

    2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ཕྱོགས་བསྡུས་ལ་ཁྱབ་ཚད་97.1%དང་98.2%སོ་སོར་ཟིན་ཡོད། 

    ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་46ཟིན་པ་དང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ) རྫོང་བཅས་རིམ་བཞིའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(གླིང་ཁུལ)234ཟིན་ཡོད།

    རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་89དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ96ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350ཡོད། ཕོ་བྲང་པོ་ཏ་ལ་སོགས་ཚན་པ་4རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པར་ཚུད་པ་དང་དཔེ་རྙིང་བམ་པོ་291རྒྱལ་ཡོངས་ཀྱི་རྩ་ཆེའི་དཔེ་རྙིང་ནང་བཅུག་ཡོད།

    ——སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པ།

    2017ལོ་བར་བོད་དུ་ཁྱོན་བུ་བཅོལ་ཁང་1239དང་། སློབ་ཆུང་806 རིམ་ཁག་སློབ་འབྲིང་132 མཐོ་རིམ་སློབ་གསོའི་སློབ་གླིང་དང་སློབ་གྲྭ་7བཅས་བཙུགས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ནས་ཐོན་པའི་མི་གྲངས་1959ལོའི་མི་ཁྲི་1.8ནས་མི་ཁྲི་53ལྷག་ཙམ་བར་མང་དུ་ཕྱིན་ཡོད། 

    1985ལོར་རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“འགན་ལེན་གསུམ”(ལྟོ་ཆས་འགན་ལེན་དང་། ཉལ་ཁང་འགན་ལེན། གཞི་རྩའི་སློབ་ཡོན་འགན་ལེན་བཅས)གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་བཙུགས་པ་མ་ཟད་ཚད་གཞི་དེ་མཐོ་རུ་ཐེངས་18བཏང་ཡོད།

    2018ལོར་བོད་ཀྱི་སློབ་ཆུང་བྱིས་པ་སློབ་གྲྭར་དངོས་སུ་ཞུགས་ཚད་དང་། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། མཐོ་རིམ་སློབ་གསོ་བཅས་ཀྱི་ནང་ན་འདྲེས་སློབ་མ་ཞུགས་ཚད་99.5%དང་། 99.5% 82.3% 39.2%བཅས་སོ་སོར་ཟིན་ནས་མི་རེས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་9.55ཟིན་ཡོད།

    ——སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ།

    ལྗོངས་ཡོངས་ལ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1547དང་། ཉལ་ཁྲི་16787 སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་མི་སྣ་བསྡོམས་འབོར་19035བཅས་ཟིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལས་ལྡབ་24དང་། ལྡབ་35 ལྡབ་23བཅས་འཕར་ཡོད། ལྗོངས་ཡོངས་སུ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་འཆི་ཚད་བཅིངས་འགྲོལ་བཏང་མ་ཐག་པའི་ཁྲི་10ཡི་ནང་ནས་5000ཙམ་ནས་2017ལོའི་ཁྲི་10ཡི་ནང་ནས་102བར་ཆག་པ་དང་ཕྲུ་གུ་དམར་འབྱར་འཆི་ཚད་430‰ནས་10.38‰བར་ཆག་ཡོད།

    ——སྤྱི་ཚོགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་370.7ཟིན་ཡོད། 2017ལོར་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མི་ཁྱོན་375331ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཁྱོན་མི་ཐེངས་532326ཟིན་པ།

    2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་བོད་ཀྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་མི་རེར་ལོ་རེར་སྒོར་9600བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་མི་རེར་ལོ་རེར་སྒོར་4450རྒྱུན་འཁྱོངས་བྱས་པ། འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་མི་རེར་ལོ་རེར་སྒོར་4940བར་མཐོ་རུ་བཏང་ཡོད།

    བདུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    བོད་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ(རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11)47བཙུགས་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད།

    ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.14%ཟིན་ནས་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1602.42(ནགས་ཁུལ་དང་། སྡོང་ཕྲན་ནགས་ཁུལ། ནགས་ཁུལ་གཞན་དག་བཅས་ཚུད་པ)ཟིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.83ཟིན་ཡོད། ལྗོངས་ཡོངས་ཀྱི་རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་45.9%ཟིན་པ་དང་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8893.33ཟིན་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད། 

    ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་106དང་འཚོ་བའི་གད་སྙིགས་བརྒྱུད་འདྲེན་སྒྲིག་བཀོད་89བསྐྲུན་ཡོད།

    བརྒྱད། ཆོས་དད་རང་མོས་འགན་ལེན་བྱུང་བ།

    ——ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་བ།

    བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1787ཡོད་པ་དང་དགོན་སྡོད་གྲྭ་བཙུན་ཁྲི་4.6དང་སྤྲུལ་སྐུ་358ཡོད། 

    ——སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གོ་རིམ་ལྡན་པའི་ངང་རྒྱུན་འཛིན་བྱས་པ།

    2018ལོའི་བར་སྤྲུལ་སྐུའི་ཡང་སྲིད་གསར་པ་91ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ཆོག་མཆན་གནང་ནས་ངོས་འཛིན་ཞུས་ཡོད།

    ——ཆོས་ལུཌ་མི་སྣ་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ།

    2018ལོ་བར་བོད་རང་སྐྱོང་ལྗོངས་སུ་དགེ་འདུན་དཔེ་ཆ་བ་117ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་ཐོབ་པ་དང་དགེ་འདུན་པ་68ལ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་ཡོད།

    ——དགོན་སྡེ་དང་དགེ་འདུན་པའི་དབང་ཆ་འགན་སྲུང་བྱུང་བ།

    དགོན་སྡེ་ཉམས་གསོ་དང་སྲུང་སྐྱོང་བྱུང་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱས་ཡོད། 

    ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་བཅོལ་མ་ལག་ནང་བཅུག་ནས་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན། མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱི་ཚོགས་པའི་འགན་བཅོལ་བཅས་ཕྱོགས་ཡོངས་ལ་ཁྱབ་ཡོད།

    ——ཆོས་ལུགས་ལས་དོན་དོ་དམ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ།

    སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་དགོན་སྡེའི་དམངས་གཙོ་དོ་དམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དོ་དམ་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་སྲིད་ཇུས་བྱ་ཐབས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་དང་སྒྲིག་སྲོལ་བཞིན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

    དགུ མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    1959ལོ་ནས་1965ལོ་བར་རྒྱལ་ཡོངས་ཀྱི་དཔལ་འབྱོར་དུས་བབ་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་ཀྲུང་དབྱང་གིས་བོད་ཀྱི་ས་གནས་ནོར་སྲིད་ལ་ཁ་གསབ་བྱེད་ཚད་མུ་མཐུད་མང་དུ་བཏང་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་5.9ཟིན་ཡོད།

    1980ལོ་ནས་2018ལོ་བར་ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་12377.3ཁ་གསབ་བྱས་པ་དེས་བོད་ཀྱི་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་བསྡོམས་འབོར་གྱི་91%བཟུང་ཡོད།

    ད་བར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ཁག་གིས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་བསྡོམས་ཁྲི་1.8ལྷག་ཙམ་སྒྲིག་འཛུགས་བྱས་ནས་བོད་སྐྱོར་ལས་དོན་སྤེལ་ཡོད།

    བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་དོན་འཁྱོལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    བཅུ། བོད་ཀྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།

    ——དུས་རབས་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ།

    2018ལོ་བར། ལྗོངས་ཡོངས་སུ་ཀུན་གཏོད་བར་མཐོངས་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་རྟེན་གཞི། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྟེན་གཞི། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཉིས་གཏོད་རྟེན་གཞི་སོགས“གཉིས་གཏོད”(དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད)ཀྱི་གཞི་རྟེན་74བཙུགས་ནས་གསར་གཏོད་ལས་གཏོད་ཚོགས་པ་དང་གསར་འཛུགས་ཁེ་ལས་1338ཀྱི་ཡིད་དབང་བཀུག་ཡོད། ཚན་རྩལ་གསར་གཏོད་ཁེ་ལས་ཁག་གཅིག་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཏེ་2018ལོར་ལྗོངས་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་50ལྷག་ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་53%འཕར་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་75ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་142%འཕར་ཡོད།

    ——དུས་རབས་གསར་པར་བོད་ཀྱིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

    2018ལོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་8364ཟིན་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་42ཟིན་ཡོད། 

    སྲིད་འཛིན་གྲོང་ཚོར་འོད་སྐུད་ཁྱབ་ཚད་98%ཟིན་ཡོད།

    རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་གཞི་31%ཟིན་ཡོད།

    ——དུས་རབས་གསར་པར་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་པ།

    སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ཁ་གསབ་ལམ་སྲོལ་ལག་བསྟར་བྱས་ནས་སྣོད་བཅུད་སྲུང་སྐྱོང་ལས་གནས་ཁྲི་70བཀོད་སྒྲིག་བྱས་ཡོད།

    2018ལོར་རང་བྱུང་འཐུང་ཆུ་སོགས་ལྗང་མདོག་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་53ཟིན་ནས་14.3%འཕར་ཡོད།

    རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཟིན་ཡོད།

    ——དུས་རབས་གསར་པར་བོད་ཀྱིས་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གཉིས་ཁེ་གཉིས་ཕན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་པ།

    2018ལོར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་48ཟིན་པ་དང་མཐའ་མཚམས་མི་སེར་གྱི་ཚོང་ཟོག་བརྗེ་ཚོང་གི་དངུལ་འབོར་ལྡབ་1.8འཕར་ཡོད། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་ཅིང་། 2018ལོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་1450ལག་ལེན་བསྟར་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་630.8དམིགས་སར་འབྱོར་བ་དེ་ལོ་གོང་མའི་དུས་མཚུངས་ལས་38.8%འཕར་ཡོད།

    ——དུས་རབས་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བདེ་སྐྱིད་སྟོན་གྲངས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།

    2013ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་རིམ་རྩིས་བྱས་ན་མི་ཁྲི་27.3ཡན་གསར་འཕར་བྱུང་ཡོད།

    2013ལོ་ཚུན་དུ་རིམ་རྩིས་བྱས་ན་དབུལ་པོ་ཁྲི་71ཙམ་ཉུང་དུ་བཏང་ཡོད། དབུལ་པོར་གྱུར་ཚད་2012ལོའི་35.2%ནས་2018ལོའི་6%མན་བར་ཆག་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་རིགས་ཁག་གི་བདེ་སྡོད་ལས་གྲྭ་ཁྲི་31.46ལག་བསྟར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།